ཤིན་ཅང་དུ་ས་ཡོམ་རིམ་པ་༦།༥ ཅན་ཞིག་བརྒྱབ།
དེ་རིང་ཞོགས་པར་རྒྱ་ནག་ཤིན་ཅང་ས་ཁུལ་ཕི་ཧྲན་རྫོང་དུ་ས་ཡོམ་རིམ་པ་༦།༥ ཅན་ཞིག་བརྒྱབ་སྟེ། ད་ལྟའི་ཆར་མི་ཉུང་མཐར་ཡང་མི་༤ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༤༨ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
རྒྱ་ནག་ས་ཡོམ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༧ པའི་ཚེས་༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ གཡས་གཡོན་ཙམ་ལ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཧི་ཐའེ་ས་ཁུལ་ཕི་ཧྲན་རྫོང་དུ་ཐོག་མར་སྔ་དྲོའི་ཆུ་ཚོད་༩ དང་སྐར་མ་༧ སྟེང་། ས་ཡོམ་རིམ་པ་༦།༥ ཅན་ཞིག་བརྒྱབ་པའི་རྗེས། བསྟུད་མར་ཆུ་ཚོད་གཉིས་ཀྱི་ནང་ས་ཡོམ་འཕྲོས་ཐེངས་མང་བརྒྱབ་སྟེ། ད་ལྟའི་ཆར་ཤེས་རྟོགས་བྱུང་བའི་ནང་ཉུང་མཐར་ཡང་མི་༤ ལ་འདས་གྲོངས་སུ་གྱུར་ཡོད་པ་དང་། མི་༤༨ ལྷག་ལ་རྨས་སྐྱོན་ཕོག་པ་ཡོད་པ་མ་ཟད། ཁང་པ་༨༠ ལྷག་གཏོར་བཤིག་ཐེབས་ཡོད་འདུག
ཤིན་ཧྭ་གསར་ཁང་གིས་རྒྱ་ནག་ས་ཡོམ་དྲ་བ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སུན་ཧྲི་ཧོང་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ས་ཡོམ་ཤུགས་ཚད་འདི་ལྟ་བུ་ཞིག་གི་ནང་། གལ་ཏེ་མི་ཚོགས་ཧ་ཅང་མང་བའི་ས་ཁུལ་ཞིག་ཡིན་ན། གནོད་སྐྱོན་ཅུང་ཚབས་ཆེ་ཐེབས་སྲིད། ཡིན་ནའང་ལྟོས་འཇོག་གིས་མི་གྲངས་ཅུང་ཉུང་བའི་ས་ཁུལ་དེར། ཐེངས་འདིས་ས་ཡོམ་གྱི་གོད་ཆག་ཚབས་ཆེ་མིན་པའི་ཚོད་དཔག་བྱས་ཡོད་པ་རེད།
ཕི་ཧྲན་རྫོང་ནི་ཊ་ཁུ་ལི་མཱ་ཁན་(Taklimakan) བྱེ་ཐང་གི་ལྷོ་ཕྱོགས་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དང་ཐག་ཉེ་བའི་སར་ཡོད་ཅིང་། ས་གནས་ཀྱི་ཡུལ་མི་མང་ཤོས་ཁ་ཆེའི་ཡུ་གུར་མི་རིགས་ཡིན་པ་རེད།
རྒྱ་ནག་ཤིན་ཅང་ས་ཁུལ་དུ་ཕྱི་ཟླ་༦ པའི་ཚེས་༣༠ ཉིན་ཡང་ས་ཡོམ་ཚད་རིམ་༣།༠ ཅན་ཞིག་བརྒྱབ་ཡོད་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།