༢༠༡༧ ལོར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་བྱང་ཀོ་རི་ཡར་བསྐྱོད་པ་ཐེངས་དང་པོ།
དེ་རིང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་ཞི་ཅིན་ཕིང་གི་སྐུ་ཚབ་ཏུ་བྱང་ཀོ་རི་ཡར་བསྐྱོད་ཡོད་པ་དང་། དེ་ནི་འགུལ་བསྐྱོད་ཆེན་པོ་ཞིག་རེད་ཅེས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བརྗོད་ཡོད་ཀྱང་། མཁས་དབང་ཚོས་འཆར་ཅན་གྱི་འགྲོ་སྟངས་ཞིག་ཡིན་སྐོར་བརྗོད་འདུག
སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་ཟླ་འདིའི་ཕྱི་ཚེས་༡༧ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་ཏུ། རྒྱ་ནག་དབུས་གཞུང་རྒྱལ་སྤྱིའི་འབྲེལ་མཐུད་ལྷན་ཁང་གི་འགོ་ཁྲིད་སོང་ཁྲའོ་(Song Tao) ཞེས་པ་བྱང་ཀོ་རི་ཡར་བསྐྱོད་ཡོད་པ་དང་། དེ་ནི་ལོ་འདིའི་ནང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་ཡོངས་གྲགས་སུ་བྱང་ཀོ་རི་ཡར་བསྐྱོད་པ་ཐེངས་དང་པོ་ཆགས་ཡོད་པ་རེད།
དེ་ཡང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་“རྒྱ་ནག་གིས་ཁོ་རང་ཚོའི་སྐུ་ཚབ་བྱང་ཀོ་རི་ཡར་གཏོང་བཞིན་ཡོད་པ་དེ་ནི་འགུལ་བསྐྱོད་ཆེན་པོ་ཞིག་རེད། ག་རེ་འབྱུང་མིན་ང་ཚོས་བལྟ་འོང་།”ཞེས་ཟླ་འདིའི་ཕྱི་ཚེས་༡༦ ཉིན་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་བརྒྱུད་གནས་ཚུལ་སྤེལ་ཡོད་འདུག་ཅིང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཨེ་ཤི་ཡའི་རྒྱལ་ཁབ་ལྔའི་ནང་ཉིན་༡༢ རིང་ཕྱོགས་བསྐྱོད་བྱས་པའི་ཁོངས་ནས་རྒྱ་ནག་ལ་བསྐྱོད་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱེད་ཐབས་སུ་བརྩོན་རྒྱུར་ནན་སྐུལ་བྱས་ཡོད་པ་རེད།
འོན་ཀྱང་། ཞིབ་འཇུག་པ་དང་མཁས་དབང་རྣམས་ཀྱིས་བརྗོད་པ་ལྟར་ན། ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྐུ་ཚབ་བྱང་ཀོ་རི་ཡར་མངགས་པ་དེ་ནི་རྡུལ་མཚོན་བཟོ་སྐྲུན་བཀག་འགོག་གི་ཕྱིར་དུ་མིན་པ་དང་། མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཆེད་དུ་ཡིན་སྐོར་འདུག དེ་ཡང་། རྒྱ་ནག་པེ་ཅིང་ནས་ཡིན་པའི་གོ་ལའི་སྲིད་ཇུས་ཉམས་ཞིབ་པ་ཐོང་ཅའོ་(Tong Zhao) ཞེས་པས་“རྒྱ་ནག་གིས་དམར་ཤོག་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་པ་ཡིན་པའི་སོ་སོའི་མཐུན་ཕྱོགས་རྒྱལ་ཁབ་ཏུ། རྒྱ་ནག་དམར་ཤོག་ཚོགས་ཆེན་གྱི་གྲུབ་འབྲས་སྙིང་དོན་བརྗོད་ཆེད་དམིགས་བསལ་སྐུ་ཚབ་གཏོང་བ་ནི་འཆར་ཅན་གྱི་རྣམ་པ་ཞིག་ཆགས་ཡོད་རེད་”ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁོས་“རྒྱ་ནག་གིས་དེ་སྔོན་ཕྱི་ལོ་༢༠༠༧ དང་། ༢༠༡༢ བཅས་སུ་དམར་ཤོག་གི་ཚོགས་ཆེན་འཚོགས་རྗེས་སུའང་སྐུ་ཚབ་མངགས་ཡོད་སྟབས། འདི་ནི་འཆར་ཅན་མ་ཡིན་པའི་གནས་ཚུལ་ཞིག་མ་རེད་”ཅེས་དང་། ད་ཐེངས་ཀྱི་ཕྱོགས་བསྐྱོད་འདིའི་སྐབས་སུ་བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་སྐོར་ལ་གྲོས་མོལ་གྱི་ཆ་ཤས་སུ་ལབ་གླེང་འབྱུང་སྲིད་སྐོར་བརྗོད་ཡོད་འདུག
དེ་བཞིན་ལྷོ་ཀོ་རི་ཡའི་རྒྱལ་ས་རུ་ཡོད་པའི་རྒྱལ་སྤྱིའི་རིག་པའི་མཁས་དབང་ཇོན་ཌེ་ལུ་རི་ཞེས་པས་ཀྱང་། ད་ཐེངས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བྱང་ཀོ་རི་ཡར་ཕྱོགས་བསྐྱོད་བྱེད་བཞིན་པའི་གནད་དོན་གཙོ་བོ་ནི་ཞི་ཅིན་ཕིང་དང་ཀིམ་ཇོང་ཨུན་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་དང་། བཟང་དུ་གཏོང་ཆེད་དུ་ཡིན་པའི་རྣམ་པ་ཤུགས་ཆེ་བ་ཡོད་པ་དང་། རྡུལ་མཚོན་ལས་གཞིའི་གནད་དོན་ནི་ཆ་ཤས་ཙམ་ཆགས་ཡོད་པ་གསལ་པོ་ཡིན་སྐོར་སོགས་བརྗོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
