༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དངོས་སུ་ཨ་རིའི་ཁྲིམས་ནང་གཏན་འབེབས་བྱས།
ཨ་རིའི་སྲིད་འཛིན་ཊོམ་གྱིས་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་པས། བོད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་བྱེད་པའི་ཁྲིམས་འཆར་དེ་དངོས་སུ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འབེབས་བྱས།
བདུན་ཕྲག་གོང་མར་ཨ་རིའི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ངེས་པར་དུ་གཏན་འབེབས་དགོས་པའི་གཞུང་གྲོན་སྔོན་རྩིས་(spending bill) དང་། ཏོག་དབྱིབས་ནད་ཡམས་ཀྱི་རོགས་དངུལ་(pandemic aid) དང་ལྷན་དུ་སྦྱར་ནས་སྲིད་འཛིན་གྱི་གསོལ་ཅོག་ལ་བསྐྱལ་བ་ན། སྲིད་འཛིན་ཊོམ་གྱིས་རོགས་དངུལ་གྱི་གྲངས་ཚད་ལྡབ་གཉིས་ཙམ་མ་སྤར་ན་མཚན་རྟགས་འགོད་རྒྱུ་མིན་ཚུལ་གསུངས་ནས་ཉིན་ཤས་བཞུགས་རྗེས། ཕྱི་ཟླ་༡༢ ཚེས་༢༧ རེས་གཟའ་ཉི་མའི་ཉིན་མཚན་རྟགས་བཀོད་འདུག
ལོ་རྒྱུས་རང་བཞིན་ལྡན་པའི་བཅའ་ཁྲིམས་དེའི་གལ་གནད་ཀྱི་སྐོར་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་“ཁྲིམས་འདིས་བོད་ནང་དུ་ཡོད་པའི་བོད་མི་ཚོ་ལ་དྲང་བདེན་དང་རེ་བ་ཡི་བརྡ་ལན་ཤུགས་ཆེན་པོ་ཞིག་བཏང་ཡོད་ལ། བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་ཐོབ་ཐང་། བཙན་བྱོལ་གྱི་མང་གཙོ་བཅས་ལ་ཨ་རིས་སྔར་འབྱུང་མྱོང་མེད་པའི་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་ཡིན་”ཞེས་གསུངས་འདུག
དེ་བཞིན་ཁོང་གིས་“ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་སྲིད་འཛིན་ཊོམ་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་འཆར་འདིར་མཚན་རྟགས་བཀོད་པར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་”ཞེས་སྲིད་འཛིན་ཊོམ་ལ་ཐུགས་རྗེ་ཆེ་ཞུས་པའི་ཁར། ཨ་རིའི་གྲོས་ཚོགས་དང་། གྲོས་ཚོགས་སུ་ཁྲིམས་འཆར་འདོན་མཁན་གྱི་འཐུས་མི་རྣམ་པ་དང་། དེ་མིན་ད་དུང་ཁྲིམས་འཆར་འདིར་རྒྱབ་སྐྱོར་བྱེད་མཁན་ཚང་མར་བསྐྱར་དུ་ཐུགས་རྗེ་ཞུས་འདུག
༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ནི། ཨ་རིའི་གཞུང་ནས་འདས་པའི་ལོ་ངོ་༦༠ ཙམ་གྱི་ནང་དུ་བཞག་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གལ་གནད་ཆེ་ཤོས་དེ་ཡིན་འདུག་སྟེ། བཅའ་ཁྲིམས་དེའི་ནང་རྒྱ་ནག་གཞུང་ནས་༧གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱས་ཚེ་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཨ་རིའི་གཞུང་གིས་དཔལ་འབྱོར་དང་ཐོངས་མཆན་སོགས་ཀྱི་ཉེས་ཆད་གཅོད་དགོས་པ་བཟོས་འདུག
གཞན་ཡང་། ཁྲིམས་གསར་པ་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཅིག་འཛུགས་པའི་ཆོག་མཆན་མ་སྤྲད་བར་དུ། ཨ་རིར་རྒྱ་ནག་གི་གཞུང་ཚབ་ཡན་ལག་དང་ལས་དོན་ཁང་གསར་པ་གཅིག་ཀྱང་འཛུགས་མི་ཆོག་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་། ཆོས། རིག་གཞུང་། མང་གཙོ་སྲུང་སྐྱོབ་བྱེད་དགོས་པ་ལ་སོགས་པ་གཏན་ལ་ཕབ་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།