༢༠༢༣ ལོར་རྒྱལ་ཁབ་༡༨༠ ཁྲོད་ནས་གསར་འགོད་རང་དབང་ཆེས་ཆུང་ཤོས་གཉིས་པ་དེ་རྒྱ་ནག་རེད་འདུག
རྒྱ་ནག་གིས་འཛིན་བཟུང་བྱས་པའི་གསར་འགོད་པ་དང་གསར་འགྱུར་རང་དབང་གི་བྱ་དགའ་ཐོབ་མྱོང་མཁན་ཞིག་སླར་ཡང་སྨན་ཁང་དུ་ལྷག་ཡོད་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་ཁོང་ཉིད་གློད་བཀྲོལ་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཕྱི་ལོ་༢༠༢༣ ལོའི་འཛམ་གླིང་ཐོག་རྒྱལ་ཁབ་༡༨༠ ཁྲོད་ནས་གསར་འགོད་རང་དབང་ཆེས་ཆུང་ཤོས་གཉིས་པ་དེ་རྒྱ་ནག་ཡིན་པའི་སྙན་ཐོ་བཏོན་ཡོད་འདུག

ཟླ་འདིའི་ཚེས་༢ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་གསར་འགོད་པ་དང་གསར་འགྱུར་རང་དབང་གི་བྱ་དགའ་ཐོབ་མྱོང་མཁན་ཀྲང་ཀྲན་ཟེར་བ་ཞིག་གིས་རྒྱ་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཐོག་གསར་འགྱུར་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠ ལོར་ཁོང་མོ་བཀག་ཉར་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ཉིད་སླར་ཡང་སྨན་ཁང་དུ་ལྷག་ཅིང་གལ་སྲིད་རྒྱ་ནག་གིས་ཁོང་ཉིད་མུ་མཐུད་བཀག་ཉར་བྱས་ཚེ་ཁོང་གི་ཚེ་སྲོག་ལ་ཡང་ཉེན་ཁ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་པ་ཁོང་ཉིད་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
རྒྱ་ནག་གི་གསར་འགོད་པ་ཀྲང་ཀྲན་ཉེ་ཆར་སླར་ཡང་སྨན་ཁང་དུ་ལྷག་ཡོད་ན་ཡང་། རྒྱ་གཞུང་གིས་ཁོང་ཉིད་ལ་ཉེས་མེད་ཉེས་འགེལ་བྱས་པའི་ཐོག་ཁོང་མོས་མུ་མཐུད་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག གསར་འགོད་པ་ཀྲང་ཀྲན་ནི་ད་ལྟ་ལོ་༣༩ ཡིན་པ་དང་ཕྱི་ལོ་༢༠༢༠ ཟླ་༡༢ ནང་རྒྱ་ནག་གི་ཧྲང་ཧེ་ཕུའུ་ཏུང་ས་ཁུལ་གསར་པའི་ཁྲིམས་ཁང་གིས་ཁོང་ལ་ཁ་རྩོད་དང་ཟིང་ཆ་སློང་བའི་ཉེས་ཁག་གཡོགས་ནས་ལོ་ངོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ལོ་༢༠༢༠ ཟླ་༥ ཚེས་༡༤ ཉིན་ཁོང་ཉིད་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཤེས་རྟོགས་མ་བྱུང་བར་དུ་ཁོང་གིས་སྐད་འཕྲིན་དང་ཊུ་ཝེ་ཏར། ཡུ་ཊུབ་བཅས་ཀྱི་སྟེང་ལ་བརྙན་ཐུང་བརྒྱ་ལྷག་ཁྱབ་སྤེལ་བྱས་ཡོད་འདུག ཁོང་ཉིད་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཀྱི་ཉིན་དེར་རྒྱ་གཞུང་གིས་ཁོང་ཉིད་བཀག་ཉར་བྱས་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་འདུག
ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་(Cédric Alviani) གྱིས་བརྗོད་གསལ་ལྟར་ན། གསར་འགོད་པ་ཀྲང་ཀྲན་གྱིས་བློ་སྟོབས་ཆེན་པོས་རང་ཉིད་ཀྱི་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམས་པར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དུ་མི་མང་ལ་ཏོག་དབྱིབས་གཉན་རིམས་༡༩ པ་ཁྱབ་བརྡལ་འགྲོ་བཞིན་པའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་དང་། ད་ལྟའི་ཆར་མོ་ལ་སྨན་བཅོལ་ལེགས་པོ་ཞིག་མ་རག་ཚེ་མོའི་ཚེ་སྲོག་ལ་ཉེན་ཁ་འཕྲད་བཞིན་ཡོད་འདུག ཕྱི་ལོ་༢༠༢༡ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་གཙོས་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་༤༤ ཐུན་མོང་གིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ལ་ཁོ་མོ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་ད་ལྟའི་ཆར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་ཕྱིས་མ་དྲགས་གོང་ནས་གསར་འགོད་པ་ཀྲང་ཀྲན་གློད་བཀྲོལ་གཏོང་བའི་འབོད་སྐུལ་ཞུ་བཞིན་ཡོད་འདུག
ཕྱི་ལོ་༢༠༢༣ ཟླ་༧ པའི་ནང་གསར་འགོད་པ་ཀྲང་ཀྲན་གྱི་ཨ་མ་བཙོན་ཁང་དུ་ཁོང་ཉིད་ཐུག་ཁ་ཕྱིན་ཡོད་པ་དང་། སྐབས་དེར་ཁོང་མོའི་ལུས་སྟོབས་ཧ་ཅང་ཞན་པས་ལུས་པོའི་རིང་ཚད་ལ་མི་ཊར་༡.༧ ་ཡོད་ཀྱང་ལྗིད་ཚད་ལ་ཀི་ལོ་༣༧ ལས་མེད་ཅིང་། བཀག་ཉར་མ་བྱས་པའི་སྔོན་གྱི་ཁོང་མོའི་ལྗིད་ཚད་ཀྱི་ཕྱེད་ཀ་ཙམ་ལས་མེད་པ་མ་ཟད། མོ་ལ་ཟས་བཅུད་མ་འདང་བའི་དཀའ་ངལ་དང་། ཕོ་བའི་ནད། ཕྲ་ཕུང་དཀར་པོའི་གྲངས་ཀ་དམའ་བ་བཅས་ཀྱི་ནད་ཚབས་ཆེན་ཕོག་ཡོད་འདུག
ཕྱི་ལོ་༢༠༢༠ ཟླ་༧ ནས་ཕྱི་ལོ་༢༠༢༡ ཟླ་༡ པོའི་བར་གྱི་བཀག་ཉར་བྱས་པའི་ཐོག་མའི་ཟླ་བ་ཁ་ཤས་ཀྱི་རིང་། གསར་འགོད་པ་ཀྲང་ཀྲན་གྱིས་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་པར་བརྟེན། བཙོན་ཁང་གི་དབང་འཛིན་པ་ཚོས་བཙན་ཤེད་ཀྱིས་ཁོ་མོའི་སྣ་སྦུག་བརྒྱུད་ནས་ཁ་ལག་སྤྲད་པ་དང་སྐབས་དེར་ཆུ་ཚོད་༢༤ རིང་ལག་པ་ལྕགས་སྒྲོག་བརྒྱབ་ནས་བཞག་ཡོད་འདུག
ད་ལྟའི་ཆར་གསར་འགོད་པ་ཀྲང་ཀྲན་གཙོས་པའི་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་མཁན་ཉུང་མཐར་༡༥ ཙམ་ཞིག་རྒྱ་ནག་གི་དོ་དམ་འོག་ཚེ་སྲོག་ལ་ཉེན་ཁ་འཕྲད་བཞིན་ཡོད་འདུག དེ་དག་གི་ཁྲོད་ནས་ཨོ་སི་ཁྲི་ལི་ཡའི་ཆབ་སྲིད་དཔྱད་བརྗོད་པ་དབྱང་ཧེང་ཅུན་(Yang Hengjun) ་ཡང་ཚུད་ཡོད་པ་དང་། ཁོང་ནི་རྒྱ་གཞུང་གིས་གསང་མྱུལ་བའི་ཉེས་མིང་འོག་ཕྱི་ལོ་༢༠༡༩ ཟླ་༡ པའི་ནང་བཀག་ཉར་བྱས་ཡོད་འདུག
གཞན་ཡང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་གསར་འགྱུར་རང་དབང་གི་བྱ་དགའ་ཐོབ་མྱོང་མཁན་ལུའུ་ཞའོ་པོ་(Liu Xiaobo)་དང་ཆབ་སྲིད་དཔྱད་བརྗོད་པ་དབྱང་ཐུང་ཡན་(Yang Tongyan) ་གཉིས་རྒྱ་ནག་གི་དོ་དམ་འོག་སྨན་བཅོས་ལེགས་པོ་མ་བྱུང་བར་བརྟེན། ཕྱི་ལོ་༢༠༡༧ ལོར་ཁོང་གཉིས་འབྲས་ནད་ཀྱི་དབང་གིས་འདས་གྲོངས་སུ་ཕྱིན་ཡོད་འདུག ལྷག་པར་དུ་གསར་འགོད་པ་ཚོ་ལ་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁུལ་ཁག་གི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གཙོ་བོར་གྱུར་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ཡང་རྒྱ་ནག་གཞུང་གིས་ལྟ་རྟོགས་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཕྱི་ལོ་༢༠༢༡ ལོར་འདས་གྲོངས་སུ་ཕྱིན་ཡོད་འདུག
ཕྱི་ལོ་༢༠༡༢ ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་ཁོས་རྒྱ་ནག་ནང་དང་རྒྱལ་སྤྱིའི་ཐོག་ལ་གནས་ཚུལ་སྟངས་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་གསར་འགྱུར་ལས་རིགས་ལ་གཞི་རྒྱ་ཆེ་བའི་རྡུང་རྡེག་བཏང་དང་གཏོང་བཞིན་ཡོད་འདུག
ཕྱི་ལོ་༢༠༢༣ ལོའི་འཛམ་གླིང་གསར་འགོད་རང་དབང་གི་སྙན་ཐོ་ལྟར་ན། རྒྱ་ནག་ནི་འཛམ་གླིང་ཐོག་རྒྱལ་ཁབ་༡༨༠ ཡོད་པའི་ནང་ནས་གསར་འགོད་རང་དབང་ཆེས་ཆུང་ཤོས་གཉིས་པ་དེ་ཆགས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་དོ་དམ་འོག་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་མཁན་ཉུང་མཐར་༡༡༥ ཙམ་ཡོད་པའི་གནས་ཚུལ་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།