༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་མཛད་འཕྲིན་གྲུབ་སྟེ་ལྡི་ལིར་ཞབས་སོར་བདེ་བར་འཁོད།
༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་འབྲེལ་དང་ས་ཕྱོགས་གང་སར་ནས་ཕེབས་པའི་མཇལ་བཅར་བ་ཁྲི་གཉིས་ཙམ་ལ་མཇལ་ཁ་བསྩལ་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས། མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་འདུག

ཟླ་འདིའི་ཚེས་༢༨ ཉིན། ༸གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁུལ་དུ་ཆོས་འབྲེལ་དང་མི་མང་ལ་མཇལ་ཁ་བཀའ་དྲིན་བསྩལ་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས། སྐུ་ཤོག་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་འདུག
༧གོང་ས་མཆོག་ཕྱི་ཟླ་༧ ཚེས་༡༢ ཉིན་གྱི་སྔ་དྲོ། བཞུགས་སྒར་རྡ་རམ་ས་ལ་ནས་གྷ་གྷལ་གནམ་ཐང་བརྒྱུད་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཟླ་༧ ཚེས་༢༡ ཉིན། མགོན་པོ་གང་ཉིད་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུར་བཞུགས་ཏེ་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་གྱིས་དཀར་དགོན་གྱི་༸རྒྱལ་བའི་ཕོ་བྲང་གསར་པ་དང་། ནཱ་ལེནྡྲ་རིག་གཞུང་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་འདུག
ཕྱི་ཚེས་༢༣ ཉིན་ཟངས་དཀར་ནང་པའི་ཚོགས་པ་དང་། ཟངས་དཀར་དགོན་པ་ཚོགས་པ། དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་གི་དུས་དབང་གསུང་ཆོས་ར་བར་མཆོད་རྟེན་བྱ་རུང་ཁ་ཤོར་གསར་བཞེངས་ཀྱི་ས་གཞི་བྱིན་རླབས་མཛད་པ་དང་། དུས་འཁོར་ལྷ་ཁང་དུ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་སྒོ་ནས་མགོན་པོ་མཆོག་ལ་གོ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཚེས་༢༥ ཉིན། ཟངས་དཀར་དཀར་ཤ་ཕོ་བྲང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ། དེ་བཞིན་གཟུངས་སྔགས་ཁག་གཅིག་གི་བཟླས་ལུང་བཀའ་དྲིན་བསྩལ་ཡོད་འདུག།

ཕྱི་ཟླ་༨ ཚེས་༣ ཉིན། ༸གོང་ས་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་གླེ་ཡི་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་ཇོ་ཁང་བསྐྱར་བཞེངས་ཀྱི་རྩིག་རྨང་བཏིང་སྟེ་ས་གཞི་བྱིན་རླབས་མཛད་པ་དང་། གླེ་གཤམ་གྱི་དགོན་པ་ཚོགས་པའི་ནང་པའི་ཆོས་ཀྱི་ལྟེ་གནས་སམ་དྷརྨ་སཱེན་ཊར་ (Dharma center) ཞེས་པའི་གཙུག་ལག་ཁང་དུ་མི་མང་ལ་བཀའ་སློབ་བཀའ་དྲིན་བསྩལ་ཡོད་འདུག།
ཕྱི་ཚེས་༡༦ ཉིན། ལ་དྭགས་ཞི་བའི་ཚལ་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། ༸རྒྱལ་མཆོག་བདུན་པ་ཆེན་པོས་མཛད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཆོས་འབྲེལ། དེ་བཞིན་གཟུངས་སྔགས་ཁག་གཅིག་གི་བཟླས་ལུང་བཀའ་དྲིན་བསྩལ། ཕྱི་ཚེས་༡༧ ཉིན། ཞི་བའི་ཚལ་དུས་དབང་གསུང་ཆོས་ར་བར་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་པ་བཅས་ལ་དྭགས་ཁུལ་དུ་ཆོས་འབྲེལ་བཀའ་དྲིན་བསྩལ་ཡོད་འདུག།
གཞན་ཡང་། ༸གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་ནས་གླེ་དང་ཟངས་དཀར་ཁུལ་དུ་ཉིན་གྲངས་༣༨ ཀྱི་རིང་། རྒྱ་གར་བ་དང་། ནུབ་ཕྱོགས་དང་ཡུ་རོབ་ཁུལ་གྱི་དད་ལྡན་མཇལ་བཅར་བ། ལ་དྭགས་ཡུལ་མི། བོད་པ་སོགས་ཁྱོན་བསྡོམས་མི་གྲངས་༢༠༠༤༢ ལ་མཇལ་ཁ་བཀའ་དྲིན་བསྩལ་ཞིང་། ཕྱི་ཟླ་༨ ཚེས་༢༢ ཉིན། ལ་དྭགས་དབུས་འཛིན་མངའ་ཁུལ་དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཟུང་འབྲེལ་གྱིས་༸གོང་ས་མཆོག་ལ་ཤེལ་གྱི་སེང་གེ་གཙང་པོའི་ཉེ་འགྲམ་སིན་དྷུ་གྷཱ་ཊ་ཞེས་པར་ཆེ་བསྟོད་ཀྱི་གསོལ་སྟོན་འདེགས་འབུལ་དང་། ཕྱི་ཚེས་༢༤ ཉིན། ལ་དྭགས་གླེ་ཁུལ་དཔེ་ཐུབ་དགོན་པའི་ཉེ་ཁུལ་ཨ་པི་སི་སྤང་(Abi-Spang) ངམ་རྨོ་རྨོའི་སྤང་ཞེས་པར་ལ་དྭགས་དགོན་སྤྱི་ཚོགས་པ་དང་ནང་ཚོགས་ཐུན་མོང་གིས་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་འདུག
དེ་རིང་ཕྱི་ཚེས་༢༨ ཉིན། དགའ་ལྡན་ཁྲི་ཐོག་༡༠༥ པ་མཆོག་གིས་དབུས་པའི་ཁྲིག་སེ་རིན་པོ་ཆེ་མཆོག་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན། ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣས་ཕེབས་སྐྱེལ་དང་བཅས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
