༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་གཉིས་མཇལ་འཕྲད་ལ་རྒྱ་ནག་གི་ངོ་རྒོལ།

ཟླ་འདིའི་ཕྱི་ཚེས་༡༧ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཁོད་གསལ་ལྟར་ན། ཉེ་ཆར་༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་གར་གྱིས་དེ་ནི་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྐོར་གྱི་ལན་འདེབས་བྱས་འདུག

15554630_1355908737766325_1942856206_nདེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱ་གར་སྲིད་འཛིན་ཕོ་བྲང་གི་རིག་གཞུང་བསྟི་གནས་ཁང་གི་ཚོགས་ཁང་ཞིག་དུ་རྒྱལ་སྤྱིའི་བྱིས་པའི་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་ཐོག  ༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་པར་ནབ་མུ་ཁར་ཇི་གཉིས་ལྷན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དེར་རྒྱ་ནག་གིས་དགག་བྱ་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༡༧ ཉིན་རྒྱ་གར་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཝི་ཀ་སི་ཝར་པིས་ “༧གོང་ས་མཆོག་ནི་བཀུར་བར་འོས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་རེད། ལྷན་ཚོགས་དེ་ནི་བྱིས་པའི་བདེ་སྡུག་ལ་སེམས་ཁུར་བྱེད་མཁན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་གིས་གོ་སྒྲིག་གནང་བའི་སྲིད་དོན་དང་མ་འབྲེལ་བ་ཞིག་རེད། ང་ཚོས་༧གོང་ས་མཆོག་ལ་འཛིན་པའི་ལངས་ཕྱོགས་ནི་བརྟན་པོ་ཡིན།”ཞེས་ལན་འདེབས་བྱས་ཡོད་པ་རེད།

པེ་ཅིང་གི་ཕྱོགས་ནས་འདས་པའི་ཟླ་ངོ་གཉིས་ཀྱི་ནང་ཚུད་དུ་༧གོང་ས་མཆོག་དང་འབྲེལ་བའི་གནད་དོན་ཐད། རྒྱ་གར་ལ་ངོ་རྒོལ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

དེ་སྔོན་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཁང་གི་མགྲིན་ཚབ་པ་གྷེན་ཤང་གིས་“རྒྱ་ནག་གི་ངོ་རྒོལ་དང་བསམ་ཚུལ་བརྩིས་བཀུར་མ་བྱས་པར། རྒྱ་གར་གྱིས་ཏཱ་ལའི་བླ་མ་རྒྱ་གར་སྲིད་འཛིན་གྱི་ཕོ་བྲང་དུ་ཡོང་རྒྱུ་གོ་སྒྲིག་བྱས་ཏེ། སྲིད་འཛིན་པར་ནམ་མུ་ཁར་ཇི་དང་ལྷན་ཅིག་ཏུ་མཛད་སྒོ་མཉམ་འཚོགས་ཀྱིས་ཐུག་འཕྲད་བྱས་སོང་”ཞེས་དང་། “དེར་རྒྱ་ནག་གི་ཕྱོགས་ནས་འདོད་བློ་རྩ་བ་ནས་ཁེངས་མ་སོང་ལ་དགག་བྱ་ཤུགས་དྲག་བྱས་ཡོད་”ཅེས་བརྗོད་ཡོད་འདུག

དེ་བཞིན་ལོ་རྗེས་མའི་ཕྱི་ཟླ་༣ པའི་ནང་༧གོང་ས་མཆོག་ཨ་རུ་ཅལ་མངའ་སྡེར་ཆིབས་བསྒྱུར་གནང་འཆར་ཡོད་པས། འདི་ལོའི་ཕྱི་ཟླ་༨ པའི་ནང་རྒྱ་ནག་གིས་“རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་ཐད་ནས་རྩོད་རྙོག་ཡོད་ས་དེར་ཏཱ་ལའི་བླ་མར་བྱ་སྤྱོད་སྤེལ་བཅུག་ན། དེས་ས་མཚམས་ཁུལ་གྱི་བདེ་འཇགས་དང་ཞི་བདེ་ལ་གནོད་སྐྱོན་ཐེབས་ཁར། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡང་གནོད་སྐྱོན་ཐེབས་ཀྱི་རེད་”ཅེས་བརྗོད་ཡོད་པ་དང་། དེར་ཡང་རྒྱ་གར་གྱིས་དུས་ཐོག་ལན་འདེབས་བྱས་ཡོད་འདུག

༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་རྣམ་གཉིས་ཀྱི་འཇལ་འཕྲད་དང་། དེ་བཞིན་ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་གནང་འཆར་བཅས་ཀྱི་ཐོག་ནས། རྒྱ་གར་གྱིས་ཐད་ཀར་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་པ་འདི་ནི། སྟོབས་ཆེན་རྒྱལ་ཁབ་༤༨ ལས་གྲུབ་པའི་རྡུལ་ཕྲན་གྱི་ནུས་པ་མཁོ་སྤྲོད་བྱེད་མཁན་གྱི་ཚོགས་པ་ཞིག་ཡོད་པ་དེའི་ཁོངས་སུ་རྒྱ་གར་ཚོགས་མི་ཆགས་ཐབས་བྱེད་བཞིན་པར་རྒྱ་ནག་གིས་བཀག་སྡོམ་བྱེད་བཞིན་པའི་དུས་དང་། འདས་མ་ཐག་པའི་མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་ལ། རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་འགྲོ་བཞིན་པའི་སྐབས་སུ་རྒྱ་ནག་པ་ཀི་སི་ཐན་གྱི་ཕྱོགས་སུ་གཏོགས་བཞིན་པ་མཐོང་བའི་དུས་སུ་བྱུང་བ་ཞིག་ཡིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།