༧གོང་ས་མཆོག་ནས་རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་བསྩལ།
ཟླ་༤ པའི་ཚེས་༢༦ ཉིན་༸གོང་ས་མཆོག་ལ་ཕྱི་ལོ་༡༩༥༩ ལོར་རཱ་མོན་མེག་སེ་སེ་གཟེངས་རྟགས་ (1959 Ramon Magsaysay Award)ཕུལ་ནས་ལོ་ངོ་ ༦༤ འཁོར་བའི་དུས་དྲན་དང་བསྟུན། ཧྥི་ལི་པིན་ (Philippines) རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་རྡ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་གཟེངས་རྟགས་དངོས་སུ་ཕྱག་འབུལ་དང་མཇལ་ཁ་ཞུས་ཡོད་པ་རེད་འདུག །
དེ་ཡང་མཇལ་ཁའི་སྐབས་སུ་རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་ཚོགས་གཙོ་སུ་སཱན་ཨ་ཕཱན་ (Susan Afan) ལགས་ཀྱིས་གཙོས་པའི་ཚོགས་མི་ཁག་གཅིག་ཕེབས་ཡོད། མཇལ་ཁའི་སྐབས་དགེ་རྩའི་ཚོགས་གཙོ་སུ་སཱན་ཨ་ཕཱན་ལགས་ཀྱིས་༸གོང་ས་མཆོག་ནི་སྐབས་དེར་གཟེངས་རྟགས་འདི་བཞེས་མཁན་གྱི་དགུང་ལོ་ཆེས་གཞོན་ཤོས་ཡིན་པ་དང་། ད་བར་གཟེངས་རྟགས་བཞེས་མཁན་ ༣༤༤ བྱུང་ཡོད་པས་གཟེངས་རྟགས་བཞེས་མཁན་ ༣༥༠ བྱུང་མཚམས་གཟེངས་རྟགས་མཛད་སྒོ་དང་འབྲེལ་ད་བར་གཟེངས་རྟགས་བཞེས་མཁན་གྱི་ལོ་རྒྱུས་དང་། སྐུ་པར། གསུང་འཕྲིན་བཅས་ཡོད་པའི་ཆེད་དེབ་དཔར་བསྐྲུན་སོགས་ཀྱི་ལས་རིམ་ཡོད་པ་སྙན་སེང་དང་འབྲེལ་༸གོང་ས་མཆོག་གིས་གཞོན་སྐྱེས་ལ་དམིགས་པའི་གསུང་འཕྲིན་ཞིག་གསོལ་སྩལ་ཡོང་བའི་སྐྱབས་འཇུག་ཞུས་ཡོད་འདུག

མཇལ་ཁའི་སྐབས་སུ་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་གཞོན་སྐྱེས་ཀྱི་འགན་འཁྲི། ཧྥེ་ལི་པིན་གྱིས་བོད་དོན་ལ་སྔ་ཕྱིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འཛམ་གླིང་འདིར་བྱམས་སྙིང་རྗེ་ཧ་ཅང་དགོས་མཁོ་ཆེན་པོ་ཡིན་པ་མ་ཟད། འཛམ་གླིང་འདིར་ཁོང་ཁྲོས་བསླངས་པའི་དམག་འཁྲུག་སོགས་བྱུང་བ་ནི་ཧ་ཅང་ཐབས་སྐྱོ་བོ་ཡིན་པ། དེང་གི་དུས་སུ་འཛམ་གླིང་ཁྱོན་ཡོངས་སུ་དམག་འཁྲུག་ལ་མཐོང་སྣང་ཡག་པོ་མེད་པར་ཡིད་ཐང་ཆད་ཡོད་པའི་སྐབས་འདིར་གཞོན་སྐྱེས་ཚོས་བྱམས་སྙིང་རྗེ་ཉམས་ལེན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་བཀའ་སློབ་བསྩལ་གནང་འདུག
གཟེངས་རྟགས་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གཟེངས་རྟགས་ཐོག་མ་དང་། ཛ་དྲག་ཆེན་པོའི་སྐབས་སུ་སྤྱི་ཚོགས་དང་ཆོས་ལུགས། རིག་གཞུང་སྲུང་སྐྱོབ་བཅས་ལ་མཆོག་གྱུར་གྱི་དབུ་ཁྲིད་གནང་བར་ཕུལ་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༣༡ ཉིན་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གིས་༸གོང་ས་མཆོག་གི་སྐུ་ཚབ་གནང་སྟེ་ཧྥི་ལི་པིན་རྒྱལ་ས་མཱ་ནེ་ལཱ་རུ་བཞེས་གནང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།