༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཟླ་འདིའི་ཚེས་༥ ཉིན་མུ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པན་ཆ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

སྐབས་དེར་༧གོང་ས་མཆོག་གིས་དེ་རིང་འདིར་བརྟན་བཞུགས་ཤིག་གནང་གི་ཡོད་རེད། འདིར་ལུས་པོ་ཡོད་པ་དེ་ང་རང་ཚོ་བཙན་བྱོལ་བ་ཉུང་ཤས་ཆགས་སྡོད་ཡོད་རེད། ཡིན་ན་ཡང་བསམ་བློའི་ཐོག་ནས་བོད་མི་ས་ཡ་དྲུག ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་ངོས་ལ་བློ་རྩེ་གཏད་སྡོད་ཡོད་རེད། བོད་མི་ཙམ་དུ་མ་ཟད། རྒྱ་རིགས་ནང་དང་སོག་རིགས་ནང་། གང་ལྟར་རྒྱ་ཧོར་བོད་གསུམ་ལ། རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་བྱས་ནས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བསྡད་ཐུབ་རྒྱུ་དང་། རྒྱ་ཧོར་བོད་གསུམ་གྱི་ས་ཁུལ། དེ་སྔ་སངས་རྒྱས་ཀྱི་ཆོས་དར་ཞིང་། བར་སྐབས་ཏོགས་ཙམ་ཉམས་བསྡད་པ་དག ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བའི་རེ་བ་རྩེ་གཅིག་ཡོད་པ་ཞིག་ཆགས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ནས་དངོས་གནས་དྲང་གནས་ངོས་ལ་དགའ་ཞེན་དང་དད་མོས་རྩེ་གཅིག་ཏུ་བྱེད་མཁན་ཕོན་ཆེན་མོ་འདུག ངོས་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་བསྒོམ་གྱི་ཡོད་རེད། བྱང་ཆུབ་ཀྱི་སེམས་བསྒོམ་གྱི་ཡོད་དུས། བྱང་ཆུབ་སེམས་ཀྱིས་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་བྱེད་རྒྱུ་དེ་དད་པ་དང་དམ་ཚིག་ཡོད་མཁན་དག་ལ་འབྲེལ་བ་ཡོད་རེད། དེར་བརྟེན། ཁྱེད་རང་ཚོས་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་གནང་པ་རེད་ལ། ངོས་ལ་ཆ་བཞག་ན་རྒྱ་ཧོར་བོད་གསུམ་ཀྱི་ཆོས་དད་ཡོད་མཁན་གཙོས་པའི་འཛམ་བུ་གླིང་འདིའི་སྒང་ལ་དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་མཁན་གྱི་མི་མང་པོ་ཞིག་གིས་ངོས་ལ་དགའ་པོ་བྱས་ནས། མདོར་ན་ཚན་རིག་པའི་ནང་ནས་དགའ་པོ་བྱེད་མཁན་ཞེ་དྲགས་ཡོང་གི་འདུག རྒྱ་མི་ལ་ཆ་བཞག་ན། རྒྱ་མི་གུང་ཁྲན་ཏང་ཡོན་གྱི་ནང་ངོས་ལ་ཚུར་དགའ་མོས་བྱེད་མཁན་དེ་འདྲ་ཤུགས་ཆེན་མོ་འདུག དེ་འདྲ་ཡིན་དུས། ངོས་རང་འཚོ་རྒྱུ་དེ་ང་རང་གཅིག་པུ་མ་ཡིན་པ་ཆོལ་ཁ་གསུམ་གྱི་རྒྱ་ཆེ་མི་མང་། འཛམ་བུ་གླིང་འདིའི་སྒང་གི་མི་མང་པོ་ཞིག་གིས་བློ་རྩེ་གཏད་ས་འདྲ་ཞིག་དགའ་པོ་བྱེད་ཀྱི་ཡོད་རེད། ངོས་ཚེ་རིང་དུ་བསྡད་རྒྱུ་སྨོན་ལམ་འདེབས་ཀྱི་ཡོད་ལ། དེ་རིང་འདིར་ཚེ་ཆོག་གནང་བ་དེ་འདྲ་རེད། ཁྱེད་རང་ཚོས་ཐུགས་སྨོན་མཚམས་སྦྱོར་རྒྱ་གང་ཆེ་གནང་ཤོག ངོས་ལ་ལོ་བརྒྱ་དང་བཅུ་ཙམ་བསྡད་རྒྱུའི་སེམས་ཤུགས་ཡོད། སྨོན་ལམ་འདེབས་ཀྱི་ཡོད། གང་ལྟར་བསྟན་པ་དང་འགྲོ་བ་ལ་ཕྱོགས་གང་ཅིའི་ཐད་ནས་ཕན་ཐོགས་ཡོང་བའི་སེམས་ཤུགས་ཡོད། ངོས་རང་གི་གཟུགས་པོ་ལ་ཆ་བཞག་ན། གཟུགས་པོ་བདེ་ཐག་ཆོད་ཡོད། མ་བདེ་བ་ག་གལ་མི་འདུག པུས་མོར་ཏོག་ཙམ་དཀའ་ངལ་འདུག་མ་གཏོགས་ཨབ་ཏང་ཚད་དགོས་བྱུང་ན་ཨབ་ཏང་ཚད་ཐུབ་པ་ཞིག་ཡོད་ཅེས་དང་།
དེ་བཞིན་དེ་རིང་འདིར་མཁའ་འགྲོ་སྲིན་བཟློག་ཅིག་ཡོད་པ་རེད། གང་ལྟར་སྙིང་པོ་ནི་འཛམ་བུ་གླིང་འདིའི་སྒང་ལ་ངའི་མི་ཚེ་འདི་ཡིས་ཕན་ཐོགས་གང་འཚམ་ཡོད་པ་ཞིག་འདུག ད་དུང་ཤུགས་ཆེ་རུ་འགྲོ་པ་ཞིག་དང་། མ་འོངས་པ་རྒྱ་ཧོར་བོད་གསུམ་ལ་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུ་ལ་ངོས་ཀྱི་ཞབས་འདེགས་གང་འཚང་བསྒྲུབ་ཐུབ་ཀྱི་རེད་བསམ་པའི་གདེང་སྤོབས་ཡོད། དེ་འདྲ་ཡིན་དུས། ངོས་ཀྱིས་ཚེ་རིང་དུ་གནས་པའི་འཕེན་པ་གཏོང་གི་ཡོད་ལ། ཁྱེད་རང་ཚོས་ཀྱང་ཐུགས་སྨོན་གནང་ཤོག བཀྲ་ཤིས་བདེ་ལེགས། སོགས་ཀྱི་བཀའ་སློབ་བསྩལ་སོང་། །
གསར་འགོད་པ། བློ་བཟང་རྒྱ་མཚོ།
