༧པཎ་ཆེན་རིན་པོ་ཆེའི་སྐོར་ལ་གལ་གནད་ཆེ་བའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།
ཟླ་༡༢ པའི་ཚེས་༩ ཉིན་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བཀྲ་ཤིས་ལྷུན་པོའི་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཐུན་མོང་གིས་བོད་བསྒྱུར་དང་པར་སྐྲུན་ཞུས་པའི་དཔེ་དེབ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བ་ཞེས་པ་དེ་དབུ་འབྱེད་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ནས་འགོ་འཛུགས་ནས་ཆབ་སྲིད་བཙོན་པའི་སྐོར་གྱི་ལས་འགུལ་ཞིག་ངོ་སྤྲོད་གནང་སོང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་གསུང་དོན་ལ། ཟླ་༡༢ པའི་ཚེས་༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་ཆགས་ཀྱི་ཡོད་པས། ལྟེ་གནས་ཁང་དང་བཀྲ་ཤིས་ལྷུན་པོའི་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཐུན་མོང་ནས། བྲག་དམར་ངག་དབང་ཆོས་འཕེལ་གྱིས་བརྩམས་པའི་དཔེ་དེབ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བ་ཞེས་པ་དེ་འགྲེམས་སྤེལ་དངོས་སུ་གནང་རྒྱུ་ཡིན་པ་དང་། དེ་ཡང་དཔེ་དེབ་ཐོག་མར་རྩོམ་པ་པོ་ཁོང་གིས་ལོ་མང་རིང་རྒྱལ་ཚོགས་ཀྱི་ཚན་པ་འདྲ་མིན་ཁག་ནས་༧པཎ་ཆེན་རིན་པོའི་སྐོར་ཉམས་ཞིབ་རྒྱུས་ལོན་གནང་ནས་དབྱིན་ཡིག་ཐོག་བྲིས་ནས་ལྟེ་གནས་ཁང་གི་དྲ་རྒྱར་ཕྱི་ལོ་༢༠༡༩ ལོར་བཞག་ཡོད་པ་དང་། ཐེངས་འདིར་བོད་ཡིག་ཐོག་བསྒྱུར་ནས་པར་སྐྲུན་ཞུས། དཔེ་དེབ་འདིའི་རྩོམ་པ་པོ་བྲག་དམར་བརྒྱ་དཔོན་ངག་དབང་ཆོས་འཕེལ་གྱིས། ཕྱི་ལོ་༡༩༩༥ ལོ་ནས་༢༠༠༣ བར་སུད་སི་རྗེ་ནི་ཝར་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ཁང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འགན་བཞེས་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོར་སྙུང་གཞིའི་རྐྱེན་ནས་མ་གྲོངས་པའི་བར་དུ་རྒྱལ་ཚོགས་སུ་༧པཎ་ཆེན་རིན་པོ་ཆེའི་ཐོག་ཞུ་གཏུག་སོགས་ཀྱི་ལས་དོན་ལ་ཞུགས་ཡོད་པ་རེད་འདུག དེབ་འདི་གཙོ་བོ་འཛམ་གླིང་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་འདྲ་མིན་ཁག་ནས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་གླེང་སྔས་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་གིས་བཙན་དབང་འོག་གར་སོང་མེད་དུ་གྱུར་པའི་༧པཎ་ཆེན་ཁོང་གི་གནད་དོན་སེལ་ཐབས་ཆེད་ཕྱག་ལས་གནང་སྟངས་བཅས་མཁྱེན་རྟོགས་ཡོང་རྒྱུར་དམིགས་ནས་བྲིས་པ་ཞིག་ཡིན་པ་དང་། འདིའི་ནང་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པ་ཁག་སྡེ་ཚན་སོ་སོར་དབྱེ་ནས་དེ་དག་གི་འགན་ཁུར་དང་། གནད་དོན་གླེང་སློང་ཡོང་དུས། འབྲེལ་ཡོད་འགན་འཛིན་མི་སྣ་སུ་ཡིན། མཐའ་མའི་གྲུབ་འབྲས་ཐག་ཆོད་ཇི་བྱུང་སོགས་གནས་ཚུལ་རེ་རེ་ནས་གང་ཐུབ་ཀྱིས་ཞིབ་འབྲི་གནང་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་ཁག་དང་༧པཎ་ཆེན་རིན་པོའི་ཐོག་ལས་འགུལ་སྤེལ་མཁན་ཚོགས་པ། རྒྱ་ཆེའི་མང་ཚོགས་བཅས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།
ཚེ་རིང་མཚོ་མོས་གསུང་དོན་ལ། དཔེ་དེབ་འདིའི་རྩོམ་པ་པོ་ཁོང་ནི་༧པཎ་ཆེན་པོ་རིན་པོ་ཆེའི་གནད་དོན་ཐོག་ཚོར་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། ཁོང་མ་གྲོངས་པའི་སྔོན་དུ་སྨན་ཁང་ལ་ཡོད་ནའང་དཔེ་དེབ་འདིའི་ཐོག་ལམ་སྟོན་སོགས་གང་མང་གནང་ཡོད་པ། ཁོང་གིས་དཔེ་དེབ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འགྲེམས་སྤེལ་གནང་འདོད་ཡོད་པས་ཐེངས་འདིར་དེ་ལྟར་གནང་རྒྱུ་ཡིན་སྐོར་གསུངས་སོང་།
ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བས་གསུང་དོན་ལ། ལྟེ་གནས་ཁང་ནས་ཟླ་༡༢ པའི་ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ནས་འགོ་འཛུགས་ཀྱིས་ཟླ་༡ པོའི་ཚེས་༡༠ བར། འགྲོ་བ་མིའི་ཐོབ་ཐང་ཐོག་ཡིག་ཆ་གལ་ཆེ་ཤོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་༣༠ དང་འབྲེལ་ནས། དེ་དག་རྡོག་རོལ་བཏང་ནས་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་གྲགས་དེ་ཙམ་སོང་མེད་པ་ཁག་ཅིག་གི་ལོ་རྒྱུས་རྣམས། འགུལ་རིས་བརྙན་ཐུང་ཐོག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་དང་། དེ་ཡང་བདུན་ཕྲག་གཅིག་ལ་འགུལ་རིས་བརྙན་ཐུང་གཉིས་རེ་འགྲེམས་སྤེལ་ཡོང་བར་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་སོང་།
དེ་བཞིན་འགན་འཛིན་ཚེ་རིང་མཚོ་མོས་ཆབ་སྲིད་བཙོན་པ་རྣམས་ནི་འཐབ་རྩོད་ཀྱི་སྲོག་ཤིང་ཡིན་པ་དང་། ཐེངས་འདིའི་ལས་འགུལ་ནི་ཁོང་རྣམ་པའི་སྐོར་གོ་རྟོགས་སྤེལ་བ་དང་གདུང་སེམས་མཉམ་བསྐྱེད་གནང་ཆེད་ཡིན་པ་དང་། དེ་བཞིན་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་༧པཎ་ཆེན་རིན་པོ་ཆེ་དང་དེ་བཞིན་བྱ་བྲལ་རིན་པོ་ཆེའི་གནས་སྟངས་ཐོག་ལ་ཡང་སེམས་འཚབ་ཆེན་པོ་གནང་གི་ཡོད་ཁར། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ཐོག་ལ་གནོན་ཤུགས་ཆེན་པོ་སྤྲོད་རྒྱུ་གལ་ཆེན་ཆགས་ཡོད་པའི་གྲོས་བསྡུར་བྱུང་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།