༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས།
ཟླ་འདིའི་ཚེས་༢༥ ཉིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀུ་ཁལ་རེཌ་དང་། དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༧ རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས། ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་གཞུང་ཞབས་དང་བཞུགས་སྒར་ཁུལ་གྱི་སློབ་གྲྭས་མཚོན་པའི་སེར་སྐྱ་མི་མང་སོགས་མཉམ་ཞུགས་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། ང་ཚོ་ཚང་མའི་བློ་གཡེང་ཆེ་ཤོས་ཤིག་ནི། ༧པཎ་ཆེན་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞེས་ཡོད་མེད་དེ་ཡིན་ཞིང་། གལ་སྲིད་སྐུ་འཚོ་བཞུགས་ཡིན་པའི་དབང་དུ་བཏང་ན། དགུང་ལོ་༦ ་ནས་ད་ལྟའི་བར་མི་ལོ་༢༩ སོང་བའི་རིང་། ཁོང་ཡབ་ཡུམ་དང་ལྷན་དུ་འཚར་ལོངས་བྱུང་ཐུབ་ཡོད་དམ། ཡང་ན་ཁྱེར་རྐྱང་གི་ཁོར་ཡུག་ཅིག་ཏུ་བོད་སྐད་ཙམ་ཡང་གསུང་མི་མཁྱེན་པ་ཞིག་བཟོས་ཡོད་དམ། ༧པཎ་ཆེན་སྐུ་ཕྲེང་བཅུ་པར་དམར་སྲུང་དམག་གིས་འཐབ་རྩོད་བཏང་བ་ནས་བཞིན་ཆུང་སྲིད་རིན་པོ་ཆེར་ཡང་གཡས་གཡོན་དུ་སྡོད་མཁན་དེ་ཚོས་ཐུབ་ཚོད་དང་གཅར་རྡུང་ཅི་ཙམ་བཏང་ཡོད་དམ། ཕྱི་ལ་འབྲེལ་ལམ་རྩ་བཅད་བྱས་པའི་གྱང་ར་མཐོན་པོའི་མཐའ་བཞིར་དམག་གིས་བསྐོར་བའི་རྒྱ་ཁང་ཞིག་གི་ནང་དུ་བཅུག་ཡོད་དམ། ཡང་ན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ནང་བཞིན་ཉི་འོད་མིག་གིས་མི་མཐོང་བའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་དམ། རྒྱ་གཞུང་གིས་ཁོང་ཁ་བ་བུ་ཡུག་འཚུབ་པའི་ལུང་སྟོང་ཞིག་ཏུ་འཁྱགས་ལྟོགས་ཀྱིས་མནར་གཅོད་གཏོང་གི་ཡོད་དམ། ཡང་ན་སྐྲ་བསྒྱུར་ལུས་བསྒྱུར་བྱས་ཏེ་ངལ་རྩོལ་ར་བ་ཞིག་ཏུ་བྲན་གཡོག་གི་ལས་ཀ་སྐུལ་གྱི་ཡོད་དམ། ལས་ཚོ་དར་ལ་བབས་པའི་ཀུན་གཟིགས་༧པཎ་ཆེན་བསྟན་འཛིན་དགེ་འདུན་རིན་པོ་ཆེ་མཆོག་དེང་སང་དངོས་གནས་སྐུ་གཟུགས་བདེ་ཐང་ངང་བཞུགས་ཡོད་དམ། དྲི་བ་འདི་དག་ལ་ང་ཚོར་ལན་རག་གི་མེད་ཅེས་དང་།

གོ་སྐབས་འདི་བརྒྱུད་ནས་ཤོད་འདོད་པ་གཞན་ཞིག་ནི། རྒྱ་གཞུང་གིས་བསྐོ་འཛུགས་བྱས་པའི་རྒྱལ་མཚན་ནོར་བུར་མཚོན་ནའང་གདོང་དམར་བོད་རིགས་བཀྲུས་ནས་མ་དག་པ་ཞིག་དང་། བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་གྱི་གོ་སྐབས་ཐོབ་མྱོང་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་རྩིས་ཀྱི་མ་རུང་ཁོག་བཅུག་གི་ངན་གཡོའི་འོག་ཏུ་མ་ཚུད་པར། དེང་སང་བོད་མི་རིགས་དང་། བོད་བརྒྱུད་ནང་བསྟན་ཡུན་གནས་ལ་ལོ་རྒྱུས་སུ་བྱུང་མ་མྱོང་བའི་ཛ་དྲག་དཀའ་ཉེན་ཇི་འཕྲད་ངོ་འཛིན་གསལ་པོར་གནང་བའི་ཐོག་ནས། རང་ཉིད་ཀྱི་འགན་འཁྲིའི་བགྱི་སྒོ་ཁག་འཇིགས་ཞུམ་མེད་པར་ཁུར་ལེན་གནང་རྒྱུ་ལས། བོད་བསྟན་སྲིད་མི་རིགས་དང་བཅས་པར་རྨ་འབྱིན་གྱི་ལས་གཞར་ཡང་མི་རྩོམ་པའི་གཞེན་སྐུལ་ཞུ་འདོད་བྱུང་ཞེས་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཚོགས་གཙོས་གསུང་བཤད་གནང་སྐབས།ཁོང་གིས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདི་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་དགའ་བསུའི་ཉིན་མོ་གལ་ཆེ་ཞིག་ཆགས་ཡོད། ཡིན་ནའང་ཡང་སྲིད་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་ཙམ་ཡང་མེད་པར་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་པ་ནི་བོད་ཁ་བ་རི་པ་རྣམས་ལ་སྐྱོ་གདུང་གི་ཚོར་བ་སྦྱིན་པའི་དུས་ཚོད་གཅིག་ཀྱང་ཆགས་ཡོད་ཅེས་དང། སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་དྲུག་ནས་རྒྱ་ནག་དམར་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་ནས་ད་ཆ་ལོ་ངོ་ ༢༩ འཁོར་ཞིང་། དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་གྲོས་མཐུན་དོན་ཚན་ཁག་གི་འབྲུ་དོན་དང་འགལ་འཚབ་ཆེན་པོར་གྱུར་ཡོད་ཅེས་དང་ཡང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་གསལ་རྟོགས་ཐུབ་སླད་འབྲེལ་ཡོད་ཚང་མས་སྔར་ལྷག་སེམས་ཤུགས་ཆེ་བསྐྱེད་ཀྱིས་འབད་འབུངས་ཡོང་བའི་སྐུལ་མ་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་ནས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་པའི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན་ཞེས་གསུང་བཤད་གནང་སོང་།
གཞན་ཡང་དེ་རིང་གི་མཛད་སྒོའི་ཐོག་ཆེད་དུ་འདོན་སྤེལ་ཞུས་པའི་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་རིས་བསྒྲིགས་རྩེད་ཆས་(Jigsaw puzzle) ་དབུ་འབྱེད་དང་གཞས་པ་ཚེ་རིང་འགྱུར་མེད་ཀྱིས་ཆེད་མངགས་རྩོམ་སྒྲིག་ཞུས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བསྟོད་གླུ་ལེན་པ་སོགས་ཀྱིས་གཞུང་འབྲེལ་མཛད་སྒོ་ལེགས་པར་གྲུབ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།