༧སྐུ་འཁྲུངས་སྐར་ཉིན་མོ་དེ་ཞི་བདེ་དང་དྲང་བདེན་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ།
ཉེ་ཆར་ཨ་རིའི་ཁྰ་ལི་ཕྷོར་ནི་ཡ་མངའ་སྡེའི་རྫོང་ཞིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དེ་ཞི་བདེ་དང་དྲང་བདེན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད་འདུག

དེ་ཡང་ཕྱི་ཟླ ༧ ཚེས་ ༡༡ ཉིན་བྱང་ཨ་རིའི་ཁྰ་ལི་ཕྷོར་ནི་ཡ་མངའ་སྡེའི་རྫོང་ (Contra Costa) ཞེས་པ་ཞིག་གི་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་འདིར་ཆོས་ཕྱོགས་ཀྱི་དབུ་ཁྲིད་གོང་ན་མེད་པ་ཞིག་དང་། ༸སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཡོངས་སུ་ཞི་བདེ་དང་འཚེ་བ་མེད་པ། འགྲོ་བ་མིའི་ཐོབ་སྟངས། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་མཐུན་སྒྲིལ། མང་གཙོ། དེ་བཞིན་བོད་དོན་ཞི་བའི་ཐོག་ནས་སེལ་ཐབས་གནང་བ་སོགས་མགོན་པོ་གང་གི་རླབས་ཆེན་གྱི་མཛད་འཕྲིན་རྣམས་ལ་གུས་བསྟོད་ཞུས་པ་དང་འབྲེལ། ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ སྟེ་༸སྐུའི་འཁྲུངས་སྐར་ཉིན་མོ་དེ་ཞི་བདེ་དང་དྲང་བདེན་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་འདུག
སྤྱིར་ཨ་རིའི་མི་སེར་གྱི་མིང་ཐོག་ནས་ཞུ་གཏུག་འདྲ་མིན་བྱེད་ཡ་དེ་སོ་སོའི་ཐོབ་ཐང་ཞིག་ཆགས་ཀྱི་ཡོད་འདུག་པ་བཞིན། གྲོས་ཆོད་དེའི་ཐད་འབད་བརྩོན་གནང་མཁན་བསྟན་འཛིན་རང་གྲོལ་ལགས་ཀྱིས་ལོ་སྔོན་མར་སོ་སོའི་འབྲེལ་ཡོད་ཀྱི་རྫོང་དུ་གནས་ཡུལ་གྱི་བོད་མི་ཚོར་ལོ་གསར་འཚམས་འདྲི་ཞུ་བ་དང་། དེའི་རྗེས་སུ་གསུམ་བཅུའི་དུས་དྲན་ཉིན་མོར་བོད་ཀྱི་ཉིན་མོ་ཞེས་ངོས་ལེན་གནང་རྒྱུ། ཉེ་བའི་ཆར་སྐུའི་འཁྲུངས་སྐར་ཉིན་ཞི་བདེ་དང་དྲང་བདེན་གྱི་ཉིན་མོ་ངོས་འཛིན་གནང་རོགས་ཞེས་སྔ་ཕྱིར་ཞུས་གནང་བ་ལྟར། རྫོང་གིས་ཀྱང་ཁོང་གིས་རེ་སྐུལ་ཞུས་པ་དེ་དག་རིམ་བཞིན་གྲོས་ཆོད་གཏན་འབེབས་གནང་འདུག་པ་དང་།
ཉེ་ཆར་ཁོང་ལ་གྲོས་ཆོད་ཟིན་བྲིས་སོགས་ཕྱག་རོགས་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་ཟུར་པ་བུ་ཆུང་ཚེ་རིང་ལགས་ཡིན་འདུག དེ་རྣམས་ཆ་ཚང་ཡོང་ཐུབ་པ་དེ་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་དང་། དེ་བཞིན་གནས་ཡུལ་གྱི་བོད་མི་དང་ཚོགས་པ་ཁག་གིས་ལོ་བསྟུད་མར་ཕྱག་ལས་ཡག་པོ་གནང་བར་བརྟེན་ནས་བྱུང་བ་ཡིན་པ་བསྟན་འཛིན་རང་གྲོལ་ལགས་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ་གསུངས་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།