༧སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེས་ལོ་ངོ་༡༦ ལྷག་མཁན་པོ་གནང་བར་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།


ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༧ ཉིན། སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གིས་༧སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་ལོ་ངོ་བཅུ་དྲུག་ཙམ་གྱི་རིང་། གྲྭ་ཚང་གི་མཁན་པོའི་མཛད་འགན་བཞེས་རིང་། རྣམ་གྲྭ་སློབ་གཉེར་ཁང་གསར་བསྐྲུན་ལ་སོགས་ཕྱི་ནང་གང་ཅིར་མཐུན་འགྱུར་རྒྱ་གང་ཆེར་མཛད་པར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་སོང་།

པར། ཤམ་བྷ་ལའི་ཕོ་ཉ།

མཛད་སྒོའི་སྐུ་མགྲོན་གཙོ་བོར་རྣམ་གྲྭ་མཁན་ཟུར་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། གྲྭ་ཚང་གི་མཁན་རིན་པོོ་ཆེ། གྲྭ་ཚང་སློབ་དཔོན་དང་ལས་སྣེ་ལྷན་རྒྱས་དང་དགེ་འདུན་འདུས་མང་ཡོངས་རྫོགས། རིན་པོ་ཆེར་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་ཆེད་དུ་ཕེབས་པའི་གདན་ས་སེ་འབྲས་དགེ་གསུམ་ནས་ཚོགས་ཆེན་གྲྭ་ཚང་ཁག་གི་ཕྱག་མཛོད་དང་། ཁམས་ཚན་མི་ཚན་སློབ་གྲྭ་འཕྲོད་བསྟེན་སོགས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བྱང་རྩེ་ཆོས་རྗེ་རིན་པོ་ཆེའི་བླ་བྲང་སོགས་བླ་བྲང་ཁག་གི་ཕྱག་མཛོད། ཨེ་ཊ་ལི་དགེ་འཕེལ་གླིང་ཆོས་ཚོགས་དང་ཝི་ཏི་ནམ་ཕན་བདེ་གླིང་གི་ཆོས་ཚོགས་ཀྱི་སློབ་མ་རྣམ་པ། གཞན་ཡང་ཁེ་ན་ཌ་སོགས་ནས་ཕེབས་པའི་རིན་པོ་ཆེའི་སློབ་མ་སོགས་རིན་པོ་ཆེའི་ཞལ་སློབ་ཉིས་བརྒྱ་བརྒལ་བ། གཞན་ཡང་འབྲེལ་ཡོད་སྐུ་མགྲོན་ཁག་སོགས་མི་བརྒྱ་ཕྲག་འགའ་ཤས་ཆེད་བཅར་ཞུས་འདུག
སྐབས་དེར་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་ནི་རིན་པོ་ཆེ་ཁོང་ཉིད་ཀྱི་དགེ་སློང་གི་མཁན་པོ་དང་མདོ་སྔགས་གཉིས་ཀའི་ངོས་ནས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཡིན་པས་༧གོང་ས་མཆོག་གི་དགོངས་བཞེད་ཅི་མཆིས་རང་ནུས་གང་ཡོད་ཀྱིས་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོར་ཡོད་སྐོར་དང་། རིན་པོ་ཆེ་མཆོག་གིས་གྲྭ་ཚང་གི་སློབ་གྲྭ་གསར་འཛུགས་ཞུས་པ་སོགས་ཕྱག་ལས་གང་གནང་བ་ཀུན། ༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང་། ཁོང་གིས་མཛད་འགན་བཞེས་སྐབས་གྲུབ་འབྲས་གང་བྱུང་གཙོ་བོ་༧རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲིན་དང་། དད་གཏོང་ཡངས་པའི་སློབ་མ་རྣམ་པའི་བཀའ་དྲིན་ཡིན་ཞེས་དང་། སྐུ་བཅར་སྐུ་ཞབས་བློ་བཟང་དགའ་བ་མཆོག་ནི་སྦས་པའི་རྣལ་འབྱོར་པ་ཆེན་པོར་བཞུགས་ཤིང་ཐོག་མཐའ་བར་གསུམ་དུ་རིན་པོ་ཆེ་ལ་རྒྱབ་སྐྱོར་ལྷོད་མེད་གནང་བའི་བཀའ་དྲིན་གཞལ་དུ་མེད་པ་ཡིན་སྐོར་བཀའ་སློབ་གནང་སོང་།
མཛད་སྒོའི་སྐབས་སུ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང༌། རྣམ་གྲྭ་སློབ་གཉེར་ཁང་ཐུན་མོང་ནས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་དང༌། ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་རྗེས། སྒོ་སོག་བླ་བྲང༌། སེ་ར་བླ་སྤྱི། སེར་སྨད་གྲྭ་ཚང་། སེར་བྱེས་གྲྭ་ཚང་། སེར་བྱེས་སློབ་གྲྭ སེར་བྱེས་འཕྲོད་བསྟེན། སེར་བྱེས་བྱ་བྲལ་ཁང་ཚན། སེར་བྱེས་ཏྲེ་ཧོར་ཁང་ཚན། འབྲས་སྦུངས་ཝ་ཤུལ་མི་ཚན། དགའ་ལྡན་བྱང་རྩེ་སེར་ཀོང་ཁང་ཚན། དགའ་བྱང་རྡོ་ར་ཁང་ཚན། སེར་བྱེད་ཁང་ཨང་༣༡ ཤག་ཚང་། སེར་སྨད་གྱོང་པ་ཤག་ཚང་བཅས་ཀྱི་ཕྱག་མཛོད་རྣམ་པས་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་དང་ཕྱག་རྟགས་ཕུལ་སོང་།
དེ་བཞིན་ཨི་ཊ་ལི་དགེ་འཕེལ་གླིང་གི་ཞལ་སློབ་འཐུས་མི་དང། ཝི་ཏི་ནམ་ཕན་བདེ་གླིང་ཆོས་ཚོགས་འཐུས་མི་ནས་གསུང་བཤད་དང་མཁན་ཟུར་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་།
རྩ་བས་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཐོག་བདུན་པ་༧སྐྱབས་རྗེ་ཁྲོཾ་ཐོག་མཆོག་སྤྲུལ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་དམ་ཆོས་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ལོ་ངོ་༡༦ ལྷག་གི་མཁན་པོའི་མཛད་འགན་བཞེས་པའི་རིང་། ཐེག་ཆེན་ཆོས་གླིང་དགེ་རྩ་ཚོགས་པའི་ཚོགས་གཙོ་དང་། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ། གྲྭ་ཚང་གི་འཛིན་སྐྱོང་ལྷན་རྒྱས་ཀྱི་ཚོགས་མི་བཅས་གནང་ནས་འཛིན་སྐྱོང་གི་ལས་དོན་ཁག་ལ་ཐུགས་ཁུར་ལམ་སྟོན་དང་། རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭ་གསར་འཛུགས་ཀྱིས་སློབ་ཕྲུག་བརྒྱ་ཕྲག་བརྒལ་བ་བསྐྱེད་སྲིང་གིས་ད་བར་སློབ་ཐོན་གྱིས་གྲྭ་ཚང་དུ་སྒྲིག་ཞུགས་གནང་མཁན་ལྔ་བཅུ་བརྒལ་བ་སོགས་ཀྱིས་གྲྭ་ཚང་གི་འདུས་ཚོགས་གོང་འཕེལ་བྱུང་།
གྲྭ་ཚང་གི་གཞུང་ཆེན་སློབ་གཉེར་ཀྱང་དབུ་མ་དང་སྔགས་ཀྱི་གཞུང་ཆེན་སློབ་གཉེར་སྔར་ཡོད་ཐོག་ཕར་ཕྱིན་ལོ་རིམ་གསུམ་གསར་འཛུགས་ཀྱིས་དབུ་ཕར་རབ་འབྱམས་པའི་ཕྱག་འཁྱེར་ཚད་ལྡན་སྤྲོད་པའི་ལམ་སྲོལ་གསར་གཏོད་ཀྱིས་མདོ་སྔགས་ཀྱི་སློབ་གཉེར་ཆ་ལག་ཚང་བ་དང་། སློབ་གཉེར་བ་རྣམས་འཇང་དགུན་ཆོས་སུ་ལོ་ལྟར་ཞུགས་རྒྱུ་དང་དེ་དག་གི་འགྲོ་གྲོན་ཡོངས་རྫོགས་རིན་པོ་ཆེ་མཆོག་གིས་ནར་གཏོང་དང་། རྣམ་རྒྱལ་གྲྭ་ཚང་གི་སློབ་གཉེར་དང་སྒྲིག་ལམ་འཛིན་སྐྱོང་བཅས་ལ་མཁོ་བའི་དཔལ་འབྱོར་གྱི་རོགས་སྐྱོར་དང་། སློབ་གྲྭ་དང་། ལས་ཤག གསོལ་ཚིགས་ཁང་། ཡངས་ཤིང་བདེ་བའི་སྲ་བརྟན་གྱི་བགྲོད་ལམ། རྩེད་ཐང་སོགས་ཕུགས་རྒྱང་རིང་པོར་དོན་ཕན་ལྡན་པའི་འཛུགས་སྐྲུན་རྒྱ་ཆེར་གནང་བ། ༧གོང་ས་མཆོག་གི་གསུང་ཆོས་སོགས་སུ་གྲྭ་ཚང་གི་འདུས་མང་གང་དུ་ཕེབས་ནའང་བཞུགས་ཡུལ་དང་ཞལ་ལག་སོགས་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་གནང་བ། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ཇི་བཞིན། རིན་པོ་ཆེ་མཆོག་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོའི་ཐུགས་འགན་བཞེས་ནས་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་བདུན་རྩོམ་སྒྲིག་པར་སྐྲུན་དང་སྐད་ཡིག་དུ་མར་བསྒྱུར་སྟེ། འཛམ་གླིང་ཁྱོན་དུ་སློབ་གཉེར་བ་ཆེས་མང་པོར་ནང་པའི་ལྟ་གྲུབ་བདེ་བླག་ཏུ་ཤེས་པའི་ཆ་རྐྱེན་བསྐྲུན་པ་སོགས་གཟེངས་སུ་ཐོན་པའི་མཛད་རྗེས་བསྐྱངས་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།