༸གོང་ས་མཆོག་ལ་གདན་ས་ཆེན་པོ་དགའ་ལྡན་དང་མོན་གྷོ་གཞིས་ཆགས་ཀྱིས་བརྟན་བཞུགས་ཕུལ་འདུག
༸གོང་ས་མཆོག་ལ་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊ་ཀ་མངའ་སྡེའི་མོན་གྷོ་རུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་ཆེན་མོ་རུ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་རུ་གནས་ཚུལ་སྤེལ་དོན་ལ། ཕྱི་ཚེས་༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་སྐལ་བཟང་དགའ་ཚལ་གྱི་ཐོག་ཁར་གསར་བཞེངས་ཞུས་པའི་རྗེ་ཚེ་འཛིན་མ་དང་༸རྒྱལ་བའི་སྐུ་བརྙན་རྣམ་གཉིས་ལ་རབ་གནས་དང་། འཛིན་ཁང་མདུན་ཐང་དུ་སིངྒ་ལ་(Sri Lanka)ནས་དགའ་བྱང་རྩེ་ཀླུ་འབུམ་སྤྲུལ་སྐུ་མཚན་སྒྲོགས་རིན་པོ་ཆེས་གདན་འདྲེན་ཞུས་པའི་བྱང་ཆུབ་ཤིང་ལ་བྱིན་རླབས་གནང་རྗེས། དགའ་ལྡན་གསེར་གདུང་ཁང་དུ་ཆིབས་བསྒྱུར་གྱིས་རབ་གནས་བྱིན་འབེབས་མཛད་ཡོད་འདུག དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་གྱི་སྒོ་ཆེན་དུ་ཕེབས་མཚམས་བཀྲ་ཤིས་ཞོལ་པ་དང་། འདོད་རྒུ་གླིང་གཞིས་གྲོང་ཁག་གི་རྒན་གྲས་རྣམས་ནས་བོད་ཀྱི་ཡུལ་ལུང་སོ་སོའི་ཆས་གོས་ལེགས་པར་སྤྲས་ཏེ་ཕེབས་བསུ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་པ་གཉིས། ས་གནས་འགོ་འཛིན། དགའ་ལྡན་ཚོགས་ཆེན་ཞལ་ངོ་རྣམ་པ་གཉིས་བཅས་ནས་སྤོས་སྣེ། སྤྱན་རྒྱ་སྤོས་འཛིན་བཅས་བླ་སྤྱིའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། ཁྲི་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་དང་། གསོལ་འདེབས་མཎྜལ་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་ཚོམ་བུ་འདེགས་འབུལ་དང་ཤར་བྱང་གི་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། ས་གནས་འགོ་འཛིན་བཅས་ཀྱིས་རམ་འདེགས་དང་། ཆོ་གའི་ཚིག་རིས་དང་བསྟུན་ནས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། ཚེ་བུམ། ཚེ་ཆང་། ཚེ་རིལ། བླ་གོས། སྣམ་སྦྱར། མཐང་གོས། གདིང་བ། ལྷུང་བཟེད། མཁར་གསིལ། རིགས་ལྔའི་མཚན་མ། རྒྱལ་སྲིད་སྣ་བདུན། རྟགས་བརྒྱད། རྫས་བརྒྱད་རྣམས་རིམ་པར་འདེགས་འབུལ་རྗེས་དབུ་བཞུགས་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་པ་ཆོས་རྗེ་ངག་དབང་འབྱོར་ལྡན་རིན་པོ་ཆེ། ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། མཁན་ཟུར་རྣམ་པ། རྙིང་མ་མཁན་རིན་པོ་ཆེ། ཞལ་ངོ་རྣམ་གཉིས། ཕྱག་མཛོད་ཁག སྦྱིན་བདག་བཅས་ནས་མཇལ་ཁ་དང་། ༸རྒྱལ་བའི་ཞབས་བརྟན་གསུང་མུར་འབུལ་དངོས་བསྟར། དེ་ནས་མོན་གྷོ་ས་གནས་འགོ་འཛིན་ནས་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཐུན་མོང་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་༸སྐུའི་གོ་སྟོན་སྲུང་བརྩིའི་ཆེད་དུ་བཞེངས་པའི་གསེར་དངུལ་ལས་གྲུབ་པའི་གཟེངས་རྟགས་ངོ་སྤྲོད་སྙན་སྒྲོན་དང་། གཏང་རག་མཎྜལ་འདེགས་འབུལ་དང་ས་གནས་ཚོགས་སྡེ་ཁག་གི་འཐུས་མི་༢༦ ནས་མཇལ་ཁ་དང་། ཉི་གཞོན་འཆར་ཀ་མ་དང་བློ་བཟང་རྒྱལ་བསྟན་མ། བདེན་ཚིག་སྨོན་སོགས་གྲུབ་མཚམས། དབུ་བཞུགས་རྡོར་སློབ་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས། ས་གནས་འགོ་འཛིན་བཅས་ནས་སྤོས་སྣེ་དང་། སྤྱན་རྒྱ་སྤོས་འཛིན་དང་བཅས་ཕེབས་སྐྱེལ་གྱིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
