ཀིརྟིའི་གྲྭ་ཚང་ནས་པར་སྐྲུན་བྱས་པའི་དཔེ་དེབ། ཐུགས་རྗེ་ཆེན་པོའི་བེའུ་བུམ་དང་། བྱིས་པའི་སྒྲུང་།
ཐུགས་རྗེ་ཆེན་པོའི་བེའུ་བུམ།
ཐུགས་རྗེ་ཆེན་པོའི་བེའུ་བུམ་དེབ་ཕྲེང་གསུམ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། དེ་ནི་ཀིརྟི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོས་རྩོམ་སྒྲིག་གནང་བ་ཞིག་རེད་ལ། དེབ་དེའི་ནང་ཆོས་བརྒྱུད་རིས་མེད་ཀྱི་མཁས་པའི་བཀའ་འབུམ་ཁྲོད་ནས་གྲུབ་ཆེན་གཉན་ཚེམ་བུ་པའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལག་སོན་གང་བྱུང་བ་རྣམས་ད་ལམ་ཕྱོགས་བསྒྲིགས་ཀྱིས་ཐུགས་རྗེ་ཆེན་པོའི་བེའུ་བུམ་ཞེས་མཚན་གསོལ་ནས་པར་སྐྲུན་གནང་བ་ཡིན་སྐོར་འཁོད་འདུག །
བྱིས་པའི་སྒྲུང་།
ཀིརྟི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོས་རྩོམ་སྒྲིག་གནང་བའི་བྱིས་པའི་སྒྲུང་དེབ་ཕྲེང་གཉིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། སྒྲུང་དེབ་དེ་རྩོམ་སྒྲིག་བྱེད་སྟངས་སྒྲུང་སོ་སོའི་ནང་དོན་རོབ་ཙམ་ཤེས་རྟོགས་ཐུབ་པའི་འདྲ་རིས། ཐ་སྙད་ཤེས་དཀའ་བ་དང་གལ་ཆེ་བའི་རིགས་ཟུར་འདོན་གྱིས་འགྲེལ་བཤད་སྟབས་བདེ། སྒྲུང་སོ་སོའི་ནང་དོན་དང་མཐུན་པའི་གླུ་གཞས། སྲོལ་རྒྱུན་གྱི་གཏམ་དཔེ། སྒྲུང་སོ་སོའི་ནང་དོན་སྣ་ཚོགས་པར་རང་སྟོབས་ཀྱི་དྲི་བ། ནང་དོན་གྱི་སྙིང་པོར་གྱུར་པའི་བསླབ་གཞི་ངོ་སྤྲོད། ཡི་གེ་དཀར་ནག་གཉིས་དུས་གཅིག་ཏུ་ཀློག་ཤེས་པ་བཅས་ཀྱི་ཐབས་ལ་འབད་པ་བཅས་ཡོད་པ་རེད།།