གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༩༦)
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ད་ལྟའི་ཆར་“ནུས་པ་མཉམ་སྤུངས་”ཞེས་པའི་ཚིག་འདི་དར་ཁྱབ་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཡིན་ཡང་། དོན་དངོས་སུ་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ནུས་པ་མཉམ་སྤུངས་དང་གཅིག་སྒྲིལ་མི་ཐུབ་པའི་དུས་ཚོད་སྡུག་ཤོས་སུ་འགྱུར་བཞིན་འདུག དེ་ལྟར་བརྗོད་པར་ཆབ་སྲིད་ཀྱི་འགོ་འཁྲིད་ནང་ཁུལ་དུ་རྩོད་རྙོག་ཡོད་པ་ཙམ་མ་ཡིན་པར། སྔོན་མ་རྡོག་རྩ་གཅིག་སྒྲིལ་དང་། ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ནང་གྲུབ་འབྲས་འགྲན་ཟླ་བྲལ་བ་ཐོབ་ཡོད་པའི་ཆོས་ཕྱོགས་ཀྱི་དགོན་སྡེ་ཁག་གི་མཁན་པོ་ལས་སྣེ་རྣམ་པའི་ནང་དུའང་། ད་ལྟའི་ཆར་ཕྱོགས་ཞེན་གྱི་བསམ་བློ་ལ་བརྟེན་ནས་གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་དུ་གྱུར་འདུག རྣམ་པ་འདི་མུ་མཐུད་ཤུགས་ཆེ་རུ་ཕྱིན་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པ་ཞིག་ཏུ་འགྱུར་ཉེན་འདུག་པས། ནུས་པ་ཡོད་མཁན་དག་གིས་གནད་དོན་འདིའི་ཐོག་དོན་དམ་པའི་ནུས་པ་མཉམ་སྤུངས་ཤིག་དགོས་ངེས་སུ་གྱུར་ཡོད།
ད་ལྟའི་ལས་ཐོག་སྲིད་སྐྱོང་གི་ངོས་ནས་ནུས་པ་མཉམ་སྤུངས་དེ་ཁོང་གི་འབོད་ཚིག་གཙོ་བོའི་གྲས་ཡིན་ནའང་། སྤྱི་ཚོགས་ཁྱོན་ཡོངས་སུ་ནུས་པ་མཉམ་སྤུངས་གནང་སའི་ཁོར་ཡུག་མེད་པའམ། ནུས་པ་མཉམ་སྤུངས་གནང་རྒྱུའི་ཁ་གཡང་ཙམ་ལས་དོན་དམ་པར་བསམ་བློའི་ནང་མེད་པ་གང་ལྟར་ཡང་། ད་ལྟའི་ཆར་འབོད་ཚིག་ཙམ་ལས་ལག་བསྟར་གང་ཡང་མི་འདུག དེང་སྐབས་བོད་པའི་སྤྱི་ཚོགས་དེ་ཁྱོན་ཡོངས་ནས་བསམ་བློའི་ཆ་ནས་འཐོར་ཞིག་ཏུ་འགྲོ་གྲབས་ཡོད། འདས་པའི་ལོ་རྒྱུས་ནང་འཐེན་འཁྱེར་དང་རྩོད་རྙོག་མང་པོ་བྱུང་ཡོད་ཀྱང་། སྤྱི་ཚོགས་ཁྱོན་ཡོངས་སམ་མཐོ་དམན་བར་གསུམ་ཚང་མའི་ནང་འདི་ལྟ་བུའི་ཕྱོགས་ཞེན་གྱི་རྣམ་པ་མངོན་གསལ་དོད་པོ་ཞིག་ཆགས་མྱོང་མེད། ལོ་ཤས་སྔོན་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ལྷག་དཀར་སྒོར་གཞས་དེ་མཉམ་འཛོམས་དང་འཆམ་མཐུན་གྱི་གོ་སྐབས་ཡག་ཤོས་སུ་མཐོང་ཡང་། ལོ་འདི་ནས་བཟུང་ས་གནས་ཁག་ཅིག་ཏུ་ལྷག་དཀར་སྒོར་གཞས་ཀྱང་ཕྱོཌ་འཐེན་དང་རྩོད་རྙོག་གི་གཞི་རྩ་ཞིག་ཏུ་འགྱུར་འགོ་ཚུགས་འདུག
ཕྱོགས་གང་ནས་བལྟས་ཀྱང་འགོ་ཁྲིད་དང་ལས་བྱེད་གཞན་ལྟ་ཅི། སྲིད་སྐྱོང་རང་གིས་ཤུགས་བརྒྱབ་ནས་ནུས་པ་མཉམ་སྤུངས་གནང་རྒྱུའི་ཐབས་ཤེས་གནང་བའི་དབང་དུ་བཏང་ཡང་། གནས་སྟངས་འདི་ལྟ་བུར་གྱུར་ཟིན་པའི་སྐབས་འདིར་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པ་ཞིག་ཏུ་འགྱུར་ཁག་པོ་རེད། རྩ་བས་སྲིད་སྐྱོང་གིས་དབུས་པའི་འགོ་འཁྲིད་དང་ལས་བྱེད། མི་མང་བཅས་མི་རེ་ངོ་རེ་བཞིན་ཕན་ཚུན་བསམ་ཤེས་བྱེད་ཐུབ་པའི་དབང་དུ་བཏང་ན་གནས་སྟངས་འདིར་འགྱུར་བ་གཏན་ནས་གཏོང་རྒྱུ་མེད་པ་ཞིག་མིན་ཡང་། སྤྱི་ཚོགས་དྲ་ལམ་གྱི་དཀྲོག་གཏམ་ཧ་ཅང་ཁྱབ་ཆེ་བའི་སྐབས་འདིར་བཙན་བྱོལ་སྤྱི་ཚོགས་ནང་གནད་དོན་ངོ་མ་ལས་དཀྲོག་གཏམ་ཤུགས་རྐྱེན་ཆེ་བ་དང་། དགྲ་བོ་རྒྱ་དམར་གཞུང་ལས་བཙན་བྱོལ་བོད་མི་ནང་ཁུལ་དུ་འཁོན་འཛིན་ཆེ་བ་ལྟ་བུའི་རྣམ་འགྱུར་མཐོང་རྒྱུ་ཡོད་པ། བོད་ཀྱི་རྩ་དོན་འཐབ་རྩོད་ལས་ནང་ཁུལ་འཐེན་འཁྱེར་གྱི་ལས་འགུལ་གལ་ཆེན་པོར་བརྩི་བ་ལྟ་བུར་གྱུར་ཡོད།
ཁོར་ཡུག་ངན་པ་འདི་ལྟ་བུ་ཞིག་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་ནི། རྒྱ་དམར་གཞུང་གིས་ཕྱི་ནང་གསང་གསུམ་ནས་ཐབས་ཤེས་བར་མ་ཆད་དུ་བྱས་པ་ལས་བྱུང་བ་ཞིག་ཏུ་གྱུར་འདུག་སྙམ་པའི་ཞེད་སྣང་དང་དོགས་པ་རང་བཞིན་གྱིས་སྐྱེ་ཡོང་བ་ཞིག་རེད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཟས་གོས་གནས་མལ་གྱི་ཐོག་ནས་དཀའ་ངལ་ཅན་གཏན་ནས་ཡོད་མི་སྲིད་པ་མིན་ཡང་། གཞི་རྩའི་ཆ་ནས་སྔོན་མ་དང་བསྡུར་ན་ད་ཆ་དཀའ་ངལ་ཧ་ཅང་ཆེན་པོ་དེ་ཙམ་མེད་པ་དང་། རེ་ཟུང་ཙམ་ཡོད་སྲིད་ཀྱང་དཀའ་ངལ་དེ་དག་སེལ་མི་ཐུབ་པ་ཞིག་གང་ཡང་མ་རེད། བོད་རྒྱལ་ཁབ་སླར་གསོ་དང་འབྲེལ་བའི་མངོན་འདོད་དང་། བོད་མི་རིགས་གཅིག་གྱུར་གྱི་འདུ་ཤེས། བོད་ཀྱི་ཆོས་དང་རིག་གནས་ལ་དགའ་ཞེན་བཅས་ཡོངས་སུ་བརླགས་ཟིན་པའི་རྗེས་སུ་བོད་པ་ཞེས་མཛུབ་མོ་འཛུགས་ས་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ཁོ་ན་ལས་མེད་པས། དེ་ལྟར་གྱུར་ཟིན་རྗེས་སངས་རྒྱས་ཐུགས་རྗེ་ཅན་དངོས་སུ་བྱོན་ཡང་བོད་པའི་དཀའ་ངལ་དེ་སེལ་ཐུབ་པའི་ཐབས་ལམ་གཏན་ནས་མེད།
མདོར་ན་འཛམ་གླིང་འདིའི་སྟེང་༧གོང་ས་མཆོག་ལ་སྐུར་འདེབས་དང་མཚན་སྨོད། གནོན་ཤུགས། སྦྱོར་ངན་རྩོམ་མཁན་བཅས་རྒྱ་དམར་གཞུང་ལས་སྡུག་པ་སུ་གཅིག་མེད་ཀྱང་། གཞིས་བྱེས་བོད་མི་ཡོངས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་བརྩི་བཀུར་ཞུ་ཡུལ་གཞན་སུ་གཅིག་མེད། ༧གོང་ས་མཆོག་གི་ཞལ་ནས་བཀའ་ནན་པོ་ཞིག་བསྩལ་ན་བོད་མི་ཚང་མས་དེ་ལ་ཉན་འཇོག་བྱེད་ངེས་རེད། ད་ལྟའི་གནས་སྟངས་འདི་ཁོ་ན་ལ་དམིགས་ནས་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་གང་ཡང་ཕེབས་མེད་པས། སྐུ་འཁོར་རྣམ་པས་ཀྱང་ཇི་བཞིན་སྙན་གསན་ཞུས་མེད་ཚོད་རེད། སྐུ་འཁོར་རམ་སྐུ་མདུན་དུ་བཅར་ཐུབ་མཁན་རྣམ་པས་༧གོང་ས་མཆོག་ལ་གནས་སྟངས་ངོ་མ་ཆ་ཚང་ཞིག་སྙན་གསན་ཞུས་ན་བཀའ་སློབ་དང་བཀའ་བཀྱོན་གང་ཕེབས་ཀྱང་གནད་དོན་འདི་ཐག་གཅོད་ཐུབ་ངེས་ཡིན་པ་ལས། གཞན་སུ་གཅིག་ལ་ནུས་པ་དེ་མེད་པས་༧གོང་ས་མཆོག་གི་ཞལ་རང་ནས་མི་མང་ལ་བཀའ་སློབ་ནན་པོ་ཞིག་ཐད་ཀར་བསྩལ་རྒྱུའི་དུས་ལ་བབ་འདུག་སྙམ།།