གནམ་གཤིས་རྐྱེན་པས་༧གོང་ས་མཆོག་ལྡི་ལིར་ཆིབས་ཐོན་གནང་རྒྱུ་ཉིན་གཉིས་རིང་ཕར་འགྱང་གནང་དགོས་བྱུང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ལ་དྭགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཆིབས་ཐོན་མཛད་རྒྱུ་ཡིན་ཡང་། ཆར་ཞོད་ཀྱི་རྐྱེན་པས་ཉིན་གཉིས་རིང་ཕྱིར་འགྱངས་གནང་དགོས་བྱུང་འདུག

ཟླ་འདིའི་ཚེས་༢༦ ཉིན། ༧གོང་ས་མཆོག་ལ་དྭགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཆིབས་ཐོན་མཛད་རྒྱུ་ཡིན་ཡང་། ཆར་ཞོད་ཀྱི་རྐྱེན་པས་ཉིན་གཉིས་རིང་ཕྱིར་འགྱངས་གནང་དགོས་བྱུང་ཡོད་འདུག་པ་དང་།ཕྱི་ ཚེས་ ༢༥ ཉིན། ༸གོང་ས་མཆོག་གིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཁྲིམས་རྩོད་པ་བཀྲ་ཤིས་རྒྱལ་མཚན་གཙོས་པའི་འབྲེལ་ཡོད་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་བདུན་ཕྲག་༦ ཙམ་ལ་དྭགས་སུ་བཞུགས་པའི་རིང་། ཕེབས་བསུ་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་གསུང་འཕྲིན་ཞིག་ལ་དྭགས་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་གི་ངེས་སྟོན་པ་དགེ་བཤེས་བསྟན་འཛིན་བཟོད་པ་ལགས་དང་། ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་བསོད་ནམས་བཀྲ་ཤིས་གཉིས་བརྒྱུད་ནས་སྡེ་དཔོན་ཁྲིམས་རྩོད་པ་བཀྲ་ཤིས་རྒྱལ་མཚན་ལགས་སུ་བསྩལ་འདུག་ཅིང་། གསུང་འཕྲིན་དེའི་ནང་དུ། མགོན་པོ་གང་ཉིད་ཀྱིས་ལ་དྭགས་མི་མང་གི་དད་པ་དང་དག་སྣང་ལ་ཡི་རངས་བསྔགས་བརྗོད་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྙིང་པོ་ནི་འཚེ་བ་མེད་པ་དང་གཞན་ལ་གནོད་འཚེ་མི་བྱེད་པ་དེ་ཡིན་པ། དེ་བཞིན་ལ་དྭགས་དབུས་སྐྱོང་མངའ་ཁུལ་གྱི་ལས་འཆར་ནང་བོད་མི་ཚོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་ཚེས་༢༥ ཉིན་ལ་དྭགས་བསོད་ནམས་གླིང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་ནས་༸གོང་ས་མཆོག་གིས་གངས་ཅན་པ་ཡོངས་ཀྱི་དོན་དུ་དུས་ཀུན་བྱམས་བརྩེའི་གཟིགས་པ་ཆེན་པོར་བསྐྱངས་དང་སྐྱོང་བཞིན་པ་དང་། དམིགས་བསལ་ལ་དྭགས་བསོད་ནམས་གླིང་གཞིས་སྒར་དུ་ལན་མང་ཞབས་སོར་བཀའ་དྲིན་བསྐྱངས་པའི་བྱིན་རླབས་དང་། ཞིང་འབྲོག་འཚོ་ཐབས་ཞན་པ་སོགས་ལ་ཐུགས་བརྩེའི་བྱམས་སྐྱོང་གི་གྲིབ་བསིལ་འོག་ཏུ་གནས་པའི་བོད་ཕྲུག་རྣམས་ལ་འདབ་ཤོག་གཉིས་ལྡན་གྱི་ཤེས་ཡོན་རིག་པའི་སྒོ་མོ་ཕྱེས་ཏེ། ད་ཆ་འཛམ་གླིང་གང་སར་དཔུང་པ་མཉམ་གཤིབ་བྱུང་བར་བཀའ་དྲིན་གཞལ་ཐབས་མེད་མོད་ཀྱང་། ལ་དྭགས་གླེ་བྱང་གཉིས་སུ་གནས་སྡོད་བོད་མི་འགོ་མང་ཡོངས་ཀྱིས་༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་རྗེ་ལེགས་གསོལ་དུ་མགོན་པོ་མཆོག་གི་འདྲ་སྐུ་ཞིག་ཕུལ་ཡོད་འདུག
དགའ་ལྡན་ཕོ་བྲང་གི་དྲྭ་བའི་ཐོག་ཏུ་༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་རྗེས་ཀྱི་མཛད་རིམ་ལྟར་ན། ཕྱི་ཟླ་༩ པའི་ཚེས་༡༠ ཉིན་གྱི་སྔ་དྲོ། ལྷོ་ཁའི་སྐྱིད་སྡུག་ཚོགས་པ་དང་ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བཅས་ནས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཟླ་༩ ཚེས་༢༠ ཉིན། ལྷོ་ཤར་ཨེ་ཤི་ཡའི་ནང་པའི་རྒྱལ་ཁབ་ཁག་དང་ཀོ་རི་ཡའི་ནང་པ་རྣམས་ནས་ཀྱང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཟླ་༡༠ ཚེས་༣ ཉིན་གྱི་སྔ་དྲོ། ༧གོང་ས་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མང་པོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་བཅས་རེད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།