གཞོན་ནུ་ལྷན་ཚོགས་ཀྱི་ཤུགས་རྐྱེན།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༨ ཡི་ཆེད་བརྗོད།

བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཤུགས་རྐྱེན་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་ཞིང། གཞོན་ནུ་ཚོགས་པ་ཐོག་མར་འཛུགས་མཁན་བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང། རྒྱ་རི་བློ་གྲོས་རྒྱལ་མཚན། བྲག་གཡབ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཅས་རེད་ལ། བཀའ་བློན་ཁྲི་པའམ་བཀའ་བློན་གྱི་འགན་ཁུར་མ་མྱོང་མཁན་གཅིག་ཀྱང་མེད། ཁོང་རྣམ་པ་ནི་སྐུ་དྲག་གི་ཁྱིམ་རྒྱུད་དམ་ཁྱིམ་ཚང་ཆེན་པོར་སྐྱེས་པའི་ན་གཞོན་ཤེས་ཡོན་ཅན་འབའ་ཞིག་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཐོག་མ་འཛུགས་སྐབས་༧གོང་ས་མཆོག་གིས་ལམ་སྟོན་དང་དབུགས་དབྱུང་བསྩལ་ཡོད་པ་དང། བཙན་བྱོལ་བོད་གཞུང་གིས་ཀྱང་མཐུན་འགྱུར་དང་རོགས་རམ་གང་ཐུབ་གནང་ཡོད། བོད་གཞུང་གི་གཞུང་ཞབས་ཡིན་བཞིན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་བྱེད་ཆོག་པ་དང། དབུས་རྒྱུན་འཁྱོལ་སྐབས་གཞུང་ཞབས་ཀྱི་ཁོངས་སུ་རང་བཞིན་གྱིས་ཚུད་འགྲོ་བ་ལྟ་བུའི་དུས་ཚོད་བཟང་པོའང་བྱུང་མྱོང།
ཕྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མ་གསར་འཛུགས་བྱེད་སྐབས་དབུས་རྒྱུན་མི་བདུན་ཡོད་པ་ལས། ཚོགས་གཙོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང། ཚོགས་གཞོན་མཁས་དབང་ཟམ་གདོང་རིན་པོ་ཆེ། ཚོགས་གཞོན་སྐུའི་གཅུང་མོ་རྗེ་བཙུན་པདྨ། དྲུང་ཆེ་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱལ། ཟུང་འབྲེལ་དྲུང་ཆེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། ཟུང་འབྲེལ་དྲུང་ཆེ་རྒྱ་རི་བློ་གྲོས་རྒྱལ་མཚན། དངུལ་གཉེར་མཁས་དབང་འཇམ་དབྱངས་ནོར་བུ་བཅས་རེད། ད་ལྟའི་ཆར་ཕྱི་མིག་ཅིག་བལྟས་ན་སྐབས་དེ་དུས་བཙན་བྱོལ་ནང་གི་ན་གཞོན་ཤེས་ཡོན་དང་འཇོན་ཐང་བཅས་ཤུགས་རྐྱེན་ཆེ་ཤོས་དག་ཡིན་པ་དང། ཁྱིམ་ཚང་གི་རྒྱབ་ལྗོངས་བཅས་གང་ཐད་ནས་དམིགས་བསལ་གྱི་ནུས་པ་ཡོད་མཁན་འབའ་ཞིག་རེད། དེ་དག་ལས་ཟམ་གདོང་རིན་པོ་ཆེ་ནི་སྤྲུལ་སྐུ་དང་དགེ་བཤེས་མཁས་དབང་བཅས་ཡིན་པ་མ་ཟད། མཁས་དབང་འཇམ་དབྱངས་ནོར་བུ་ལ་མཚོན་ནའང་ཕྱུག་བདག་གི་བུ་ཕྲུག་ཡིན་པ་དང་བཀྲས་མཐོང་ཚང་གི་ཚ་བོའང་རེད།
དེའི་རྗེས་སུའང་དབུས་རྒྱུན་རིམ་བྱུང་གི་གྲས་ནས་ཀྱང་སྲིད་སྐྱོང་དང། བཀའ་བློན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། སྤྱི་འཐུས་དང་དྲུང་ཆེ་སོགས་ཀྱི་འགན་ཁུར་མཁན་ཇི་སྙེད་ཅིག་བྱུང་ཡོད་པས། བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་འཚར་ལོང་དང་སྐྱེད་སྲིང་བྱེད་སའི་སྡིངས་ཆ་གཙོ་བོ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན། ལྟ་གྲུབ་དང་དམིགས་ཡུལ། ལངས་ཕྱོགས་བཅས་གང་ཐད་ནས་མི་སྒེར་ལས་ཚོགས་པ་གལ་ཆེན་པོར་བརྩི་མཁན་དང། ཚོགས་པ་ལས་བོད་མི་རིགས་དང་བོད་རྒྱལ་ཁབ་སླར་གསོའི་ལས་དོན་གལ་ཆེར་བརྩི་མཁན་གྱི་མི་སྣ་གང་མང་ཞིག་བྱུང་མྱོང་བ་ནི་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། ཕྱི་ལོ་༢༠༠༢ ལོར་རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་པར་འགལ་རྐྱེན་བར་ཆད་མི་འབྱུང་ཆེད་བོད་རྒྱའི་འབྲེལ་ལམ་སླར་གསོ་ལྟ་བུའི་རྣམ་འགྱུར་བསྟན་པ་དང། དེའི་ཞོར་དུ་བོད་དོན་ཆབ་སྲིད་ནུས་མེད་དུ་གཏོང་ཆེད་དགོས་འདུན་དང་ཆ་རྐྱེན་འདྲ་མིན་གཅིག་རྗེས་གཉིས་མཐུད་དུ་བཏོན་ཡོད།
དེར་བརྟེན་རྒྱ་གཞུང་གི་དཔོན་རིགས་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་སླེབས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པ་སོགས་རྒྱ་གཞུང་ལ་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུའི་ལས་འགུལ་མང་པོ་སྤེལ་བ་བརྒྱུད། རིམ་པས་བཙན་བྱོལ་ནང་བོད་རང་བཙན་གྱི་ལས་འགུལ་སྤེལ་ན་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བ་མ་ཟད། དབུ་མའི་ལམ་བརྒྱུད་བོད་རྒྱ་ཞི་མོལ་ལ་བར་ཆད་དུ་འགྲོ་ཚུལ་སོགས་གཞུང་ངོས་ནས་དྲིལ་བསྒྲགས་དང། སྒེར་ངོས་ནས་ཀྱང་ཚོགས་པ་ཟུར་འཛུགས་ཀྱིས་ལོག་པའི་དྲིལ་བསྒྲགས་ལ་བརྟེན་བོད་རང་བཙན་སླར་གསོའི་ལས་འགུལ་ནི་མིང་ཙམ་དུ་བསྒྱུར་བ་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་སྤྱི་ཚོགས་ནང་མིང་གཞུང་ནག་པོའི་ནང་ཚུད་པ་ལྟ་བུ་བྱུང་ཡོད། ཕྱི་དགྲ་ལྕགས་ནག་གི་སེར་བ་རྒྱ་དམར་དྲག་པོའི་གཞུང་གིས་གཞོན་ནུ་ཚོགས་པ་ལ་སྡང་ཟུག་བྱེད་པ་དང། ནང་དགྲ་ཁང་རྒན་གྱི་ཐིགས་པ་སྐབས་འཚོལ་བ་དག་གིས་ཀྱང་གཞོན་ནུ་ཚོགས་པར་ཁ་རྡུང་འདྲ་མིན་བཏང་ནས་སྔོན་ལྟར་ནུས་པ་དང་ཁོར་ཡུག་མེད་པ་བཟོས།
མདོར་ན་མ་འོངས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ནུས་པ་དང་ཁོར་ཡུག་ག་འདྲ་ཞིག་ཡོད་མེད་བཤད་དཀའ་ནའང། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཐབ་རྩོད་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་མི་སྣ་མང་ཆེ་ཤོས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བྱུང་ཡོད་ལ། བོད་གཞུང་གི་གཞུང་ཞབས་ལས་བྱེད་པ་མང་པོ་ཞིག་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ནང་ནས་བྱུང་ཡོད། མ་འོངས་པར་བཙན་བྱོལ་སྤྱི་ཚོགས་ཀྱི་འཐབ་རྩོད་ལ་ནུས་པ་འདོན་ཐུབ་མཁན་ཞིག་བྱུང་ན་གཞོན་ནུ་ལྷན་ཚོགས་ཀྱི་ནང་ནས་ཐོན་དགོས་ལ། ལྟ་གྲུབ་དང་ལངས་ཕྱོགས་རྒྱུན་འཁྱོངས་ཀྱི་ཐོག་ནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པར་འབད་བརྩོན་བྱེད་ཐུབ་ན། རྒྱལ་སྤྱིའི་ཁོར་ཡུག་སོགས་ཕྱི་ནང་གང་ཐད་ནས་འདས་པའི་མི་ལོ་ཉི་ཤུ་ལྷག་གི་གནས་སྟངས་དང་བསྡུར་ན་ད་ལྟ་ཧ་ཅང་ཡག་ཏུ་སོང་ཡོད་པས། གོ་སྐབས་དེ་དམ་འཛིན་ཐུབ་དང་མི་ཐུབ་ནི་གཞོན་སྐྱེས་ཚོའི་ལག་ཏུ་ཡོད།།