གྲོས་མཐུན་དོན་ཚན་བཅུ་བདུན་དང་བོད་ཀྱི་མི་ལོ་བདུན་ཅུའི་བཙན་གནོོན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱེད་འཆར།

སུད་སི་སྐུ་ཚབ་དོན་ཁང་ནས་རྒྱ་ནག་གིས་བཙན་དབང་གིས་བོད་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་འཇོག་ཏུ་བཅུག་པ་ནས་བཟུང་ད་བར་ལོ་ངོ་ ༧༠ ཏག་ཏག་འཁོར་བ་དྲན་གསོ་ཞུ་ཆེད། ཉིན་གསུམ་གྱི་དྲ་ཐོག་བགྲོ་གླེང་ཞིག་གོ་སྒྲིག་ཞུས་འདུག་ཅིང་།གྲོས་མཐུན་དོན་ཚན་བཅུ་བདུན་དང་། བོད་ཀྱི་མི་ལོ་བདུན་ཅུའི་བཙན་གནོན་ཞེས་པའི་བརྗོད་གཞིིའི་ཐོག་གཏམ་བཤད་དང་བགྲོ་གླེང་བྱེད་རྒྱུ་རེད་འདུག

ཕྱི་ལོ་ ༡༩༥༡ ལོའི་ཕྱི་ཟླ་ ཚེས་ ༢༣ ཉིན་རྒྱ་ནག་གིས་བོད་བཅིངས་གྲོལ་གཏོང་གི་ཡིན་ཟེར་ནས་བཙན་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་ཏུ་བཅུག་ཡོད། ཡིན་ན་ཡང་། རྗེས་སུ་རྒྱ་ནག་རང་གིས་སོ་སོས་བཙན་ཤེད་ཀྱིས་འཇོག་ཏུ་བཅུག་པའི་གྲོས་མཐུན་དེ་ཡང་རྩིས་མེད་རྡོག་རོལ་གྱིས་བོད་དུ་སྔར་གཏན་ནས་བྱུང་མྱོང་མེད་པའི་སྡུག་རྩུབ་མནར་གཅོད་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་འགོ་བརྩམས་པས། རྒྱ་གཞུང་གིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་ཡོད་ཅེས་སྒྲོག་བཞིན་པ་དེ་ནི་རྫུན་བསྒྲགས་དང་འཁྱོག་བཤད་འབའ་ཞིག་ཡིན་པ་ལས། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ལ་གཉའ་གནོན་བྱེད་འགོ་བརྩམས་ནས་ལོ་ངོ་༧༠ འཁོར་གྱི་ཡོད།

རྒྱ་ནག་གིས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་བའི་གནས་སྟངས་དང་། ཉེ་ཆར་དབྱིན་རྒྱའི་ཧོང་ཀོང་རྩིས་སྤྲོད་ཀྱི་གྲོས་མཐུན་(Sino-British Joint Declaration on Hong Kong) རྡོག་རོལ་བཏང་བ་གཉིས་ཤིན་ཏུ་འདྲ་མཚུངས་སུ་ཡོད་ཅིང་། རྒྱ་ནག་གིས་མངོན་སུམ་འཛེམས་མེད་ངང་རྒྱལ་ཁབ་གཉིས་ཀྱི་བར་དུ་བཞག་པའི་ཆིངས་ཡིག་དང་གྲོས་མཐུན་རྩིས་མེད་རྡོག་རོལ་བཏང་ཡང་ཉེས་ཆད་མི་ཕོག་པའི་གནས་ཚུལ་དེར་འཛམ་གླིང་གིས་དོ་སྣང་དང་སེམས་འཚབ་གསར་པ་ཞིག་བསླེབས་ཡོད་པས། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་ལ་བསྐྱར་ཞིབ་བྱས་ནས་མ་འོངས་པའི་བྱ་སྤྱོད་སྤེལ་ཕྱོགས་ཀྱི་ཐག་གཅོད་མ་ནོར་བ་ཞིག་བྱེད་དགོས་པའི་དུས་ལ་བསླེབས་ཡོད།

ཐེངས་འདིའི་དྲ་ཐོག་བགྲོ་གླེང་གི་ཉིན་དང་པོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུ་འཛུགས་གསུང་བཤད་གནང་རྒྱུ་དང་། དེ་ནས་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་(Rt. Tim Loughton) ཨི་ཌ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་སེའོ་མ་ལན་ (Lucio Malan)  སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicolas Walder) ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིའི་ (Budapest) རྫོང་དང་པོའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧྥེ་རན་སི་ (Ference Garencsér) ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཨེཌ་ཝཌ་ཅིན་ (Edward Chin) བཅས་ཀྱིས་རིམ་པར་གསུང་བཤད་གནང་རྒྱུ་ཡིན་པ་རེད།།

གསར་འགོད་པ་དཀོན་མཆོག་རབ་བརྟན།