འདས་པོ་པདྨ་ཚེ་བརྟན་གྱི་གློག་བརྙན་གསའ་ལ་ཊོག་ཡོ་རྒྱལ་སྤྱིའི་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ།


©2023 TIFF

ཊོག་ཡོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་སྐབས་སུ་འདས་པོ་པདྨ་ཚེ་བརྟན་གྱི་གློག་བརྙན་གསའ་ལ་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ་འདུག
ཕྱི་༡༡ ཚེས་ ༡ ཉིན་༢༠༢༣ ལོའི་ཊོག་ཡོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༣༦ པའི་མཇུག་བསྡོམས་ཀྱི་མཛད་སྒོའི་སྐབས་སུ། གློག་བརྙན་དང་གློག་བརྙན་འཁྲབ་ཁྲིད་པ། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་སོགས་རྩེ་གྲས་འགའ་ལ་བྱ་དགའ་སྤྲད་འདུག་པ་བཞིན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་གྱི་གློག་བརྙན་གསའ་ལ་Tokyo Grand Prix, The Governor of Tokyo Award ཞེས་པའི་བྱ་དགའ་དེ་ཐོབ་འདུག བྱ་དགའ་མང་ཤོས་དེ་ཉི་ཧོང་སྒོར་མོ་ས་ཡ་གསུམ་ཡིན་འདུག མཛད་སྒོ་དེའི་ཐོག་བོད་ཀྱི་གློག་བརྙན་གསའ་ཡི་འཁྲབ་སྟོན་མི་སྣ་གཙོ་བོ་སྦྱིན་པ་རྒྱ་མཚོ་དང་། ཚེ་བརྟན་བཀྲིས་གཞན་ཡང་རྒྱ་མི་གཅིག་གསུམ་འདུག  ཁོང་རྣམས་ཀྱིས་འདས་པོ་པདྨ་ཚེ་བརྟན་དང་མཉམ་ལས་བྱས་པའི་བརྒྱུད་རིམ་དང་འབྲེལ་ཏེ་ཁོང་གི་སྐོར་འགྲེལ་བརྗོད་དང་། ཁོང་གིས་གོ་སྐབས་འདི་ལྟར་གནང་བ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ནམ་ཡང་ང་ཚོ་མཉམ་དུ་ཡོད་པ། དེ་བཞིན་བྱ་དགའ་འདིས་འཁྲབ་ཁྲིད་པ་ཁོང་གི་ཐུགས་བློ་བདེ་བར་བྱེད་པའི་ཐབས་ཡག་ཤོས་ཤིག་ཡིན་པ་སོགས་བརྗོད་འདུག གཞན་ཡང་བྱ་དགའ་གནང་མཁན་གྱིས་འདས་པོ་ཁོང་གི་གློག་བརྙན་ནང་གི་ཁྱད་ཆོས་ལ་ཆེ་བསྟོད་དང་། ཁོང་འདས་སྔ་དྲགས་པ་ལ་གདུང་སེམས་མཉམ་སྐྱེད་ཞུས་འདུག དེ་མིན་གློག་བརྙན་གསའ་ཡི་ཕབ་སྐྲུན་མཁན་ཀྲོའོ་ཧའོ་ཡིས། འདས་པོ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གཞན་དང་གློག་བརྙན་གྱི་གྲུབ་འབྲས་ལ་ཆེ་བསྟོད་དང་། འདས་པོ་ཁོང་གི་བུ་ཡང་གློག་བརྙན་འཁྲབ་ཁྲིད་པ་ཡིན་པ་བཞིན་ཁོང་གིས་ཕའི་རྒྱུད་འཛིན་བྱེད་ངེས་ཡིན་པ་སོགས་བརྗོད་འདུག  ཐེངས་འདིའི་འགྲན་བསྡུར་ཁྲོད་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་༡༡༤ ནས་འགྲན་ཞུགས་པ་༡༩༤༢ ཡོད་འདུག་པ་དང་། གློག་བརྙན་༢༡༩ ཙམ་སྟོན་ཡོད་འདུག དེ་བཞིན་ལྟད་མོ་བ་ཐོ་འགོད་བྱེད་མཁན་༧༤༨༤༡ ཙམ་དང་། འབྲེལ་ཡོད་བྱེད་སྒོ་གཞན་ལ་བཅར་མཁན་༧༣༠༨༡ བྱུང་ཡོད་འདུག

འདས་པོ་པདྨ་ཚེ་བརྟན་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞིག་དང་། ཁོང་གིས་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ཆེད་སྦྱོང་གནང་རྗེས། ད་བར་ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་གི་འཁྲབ་གཞུང་བརྩམས་ཤིང་འཁྲབ་འཁྲིད་གནང་ཡོད་པ་དང་། དེ་དག་ལས་གློག་བརྙན་ཁག་ཅིག་ལ་རྒྱ་ནག་དང་རྒྱལ་སྤྱི་བཅས་ཀྱི་གཟེངས་རྟགས་མི་འདྲ་བ་མང་པོ་ཐོབ་མྱོང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ལམ་བཟང་།