གྷུ་གྷེལ་ཚོང་ལས་ཁང་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གི་ངོ་རྒོལ།

འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཆོས་ལུགས། ཞི་བའི་ངོ་རྒོལ་བཅས་ཀྱི་སྐོར་དང་འབྲེལ་བའི་གནས་ཚུལ་འཚོལ་བཤེར་བྱེད་མི་ཐུབ་པའི་འཚོལ་བཤེར་མ་ལག་ཅིག་གྷུ་གྷེལ་ཚོང་ལས་ཁང་གིས་རྒྱ་ནག་ནང་སྒོ་འབྱེད་བྱ་འཆར་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གི་ངོ་རྒོལ་བྱས་འདུག

ཟླ་འདིའི་ཕྱི་ཚེས་༢༩ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གྷུ་གྷེལ་ཚོང་ལས་ཁང་གིས་རྒྱ་ནག་དམར་གཞུང་གི་དགོས་འདུན་བཞིན་གསང་བའི་ཐོག་ནས། རྒྱ་ནག་ནང་གྷུ་གྷེལ་འཚོལ་བཤེར་མ་ལག་ཅིག་གསར་དུ་སྒོ་འབྱེད་བྱ་འཆར་ཡོད་པའི་གནས་ཚུལ་ཁྱབ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་༡༤ ཡིས་གྷུ་གྷེལ་ཚོང་ལས་ཁང་ལ་རྒྱ་ནག་གི་སྟངས་འཛིན་འོག་མགོ་མི་སྒུར་རྒྱུའི་ནན་སྐུལ་བྱས་ཡོད་འདུག

དེ་ཡང་གྷུ་གྷེལ་ཚོང་ལས་ཁང་གིས་རྒྱ་ནག་ནང་‘Dragonfly’ཞེས་པའི་འཚོལ་བཤེར་མ་ལག་ཅིག་གསར་བཟོ་བྱ་འཆར་ཡོད་པ་དེའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་སྐོར་དང་། མང་གཙོའི་སྐོར། ཆོས་ལུགས་ཀྱི་སྐོར། ཞི་བའི་ངོ་རྒོལ་བཅས་ཀྱི་སྐོར་དང་འབྲེལ་བའི་དྲ་ཚིགས་དང་གནས་ཚུལ་གང་ཡང་འཚོལ་བཤེར་བྱེད་མི་ཐུབ་པ་བཟོ་རྒྱུ་ཡིན་འདུག

རྒྱ་ནག་དམར་གཞུང་གི་དགོས་འདུན་དང་མཐུན་པར་འཚོལ་བཤེར་མ་ལག་དེ་གསར་བཟོ་བྱས་ནས་སྒོ་འབྱེད་བྱ་རྒྱུའི་སྐོར། གྷུ་གྷེལ་ཚོང་ལས་ཁང་གིས་ད་བར་ཡོངས་གྲགས་སུ་གཏན་འབེབས་བྱས་ཟིན་མེད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ནས་གྷུ་གྷེལ་གྱི་འཆར་གཞི་དེ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་ཉེན་བརྡ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་དང་། གྷུ་གྷེལ་ཚོང་ལས་ཁང་ནས་ངེས་པར་དུ་ཁོང་ཚོ་དང་། གྷུ་གྷེལ་ཚོང་ལས་ཁང་རང་གི་ལས་མི་བཅས་ཀྱི་འབོད་སྐུལ་ལ་དོ་སྣང་སྤྲད་ནས་རྒྱ་ནག་ནང་བཀག་སྡོམ་ཅན་གྱི་འཚོལ་བཤེར་མ་ལག་སྒོ་འབྱེད་བྱ་རྒྱུའི་ལས་གཞི་དེ་ཕྱིར་འཐེན་བྱེད་དགོས་སྐོར། ལས་གཞི་དེའི་ཁ་གཏད་དུ་ལངས་ནས་སྐད་རྒྱག་མཁན་སྤྱི་དང་། ལྷག་པར་ལས་གཞིར་ཁ་གཏད་ཐོག་སྐད་རྒྱག་མཁན་གྷུ་གྷེལ་ཚོང་ལས་ཁང་གི་ལས་མི་ཚོ་སྲུང་སྐྱོབ་བྱེད་རྒྱུའི་འབོད་བརྡ་བཏང་ཡོད་འདུག་པ་མ་ཟད། ཁོང་ཚོས་“རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་རྣམས་རྡོག་རོལ་གཏོང་བཞིན་ཡོད་ཀྱང་། གྷུ་གྷེལ་གྱིས་དེ་དང་ངན་པ་ལག་སྦྲེལ་བྱེད་མཁན་ཆགས་རྒྱུའི་ཉེན་ཁར་འཛེམས་ཀྱི་ཡོད་མ་རེད་”ཅེས་ཀྱང་བརྗོད་ཡོད་འདུག

རྒྱ་ནག་དམར་གཞུང་གི་དགོས་མཁོ་དང་མཐུན་པའི་བཀག་སྡོམ་ཅན་གྱི་འཚོལ་བཤེར་མ་ལག་དེ་རྒྱ་ནག་ནང་ཡང་བསྐྱར་སྒོ་འབྱེད་བྱ་རྒྱུའི་འཆར་གཞི་ཐོག་མར་༢༠༡༧ ལོའི་དཔྱིད་ཀར་གྷུ་གྷེལ་ཚོང་ལས་ཁང་གིས་བཏིང་ཡོད་འདུག་ཀྱང་། དེ་རྗེས་ཕྱི་ལོ་༢༠༡༧ ལོའི་ཕྱི་ཟླ་༡༢ པའི་ནང་གྷུ་གྷེལ་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སཱན་དྷར་པཱི་ཆ་དང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་གཅིག་ཐུག་འཕྲད་བྱས་རྗེས་སུ་ལས་གཞི་དེའི་ཐོག་མྱུར་བསྐྱོད་བྱེད་འགོ་བཙུགས་ཡོད་འདུག

གནད་དོན་འདིའི་ཐོག་རྒྱ་ནག་མི་སེར་གྱི་ཐོབ་ཐང་སྐོར་གྱི་ལས་འགུལ་བ་ད་ལྟ་ཨ་རིར་ནིའུ་ཡོག་ལ་གནས་སྡོད་བྱེད་མཁན་ཅཱན་ཀཱང་ཆོང་གིས་“གྷུ་གྷེལ་དང་ཕྱི་རྒྱལ་གྱི་ཚོང་ལས་ཁང་ཚང་མས་དྲན་པ་སོས་དགོས་པ་ཞིག་ནི། དབང་ཆ་གཅིག་སྡུད་ཀྱི་འདོད་པས་ཡོངས་སུ་ཁེངས་པའི་ཁྲག་རྩ་ནི་མཐའ་མེད་པ་དང་། ནམ་ཡངས་ཁེངས་རྒྱུ་མེད་པ། ནམ་ཡང་ཆོག་ཤེས་ཅན་ཡོང་རྒྱུ་མེད་པ་དེ་རེད། ཁྱེད་རང་གིས་སོར་དོའི་རིང་ཚད་སྤྲད་ན་ཁོང་ཚོས་ལེ་དབར་གཅིག་ལེན་གྱི་རེད་”ཅེས་ཝ་ཤིང་ཊོན་ཆ་འཕྲིན་དུ་བརྗོད་ཡོད་འདུག་པ་དང་། དེ་བཞིན་གྷུ་གྷེལ་ཚོང་ལས་ཁང་རང་གི་ལས་མི་༡༤༠༠ ཡིས་རྒྱ་ནག་ནང་སྒོ་འབྱེད་བྱ་འཆར་ཡོད་པའི་འཚོལ་བཤེར་མ་ལག་དེ་ནི་གྷུ་གྷེལ་ཁོ་རང་ཚོའི་ལེགས་ཉེས་བླངས་དོར་གྱི་རྩ་དོན་དང་འགལ་བ་ཡིན་སྐོར་སོགས་བརྗོད་ནས་དེའི་ཐོག་སེམས་འཚབ་ཡོད་སྐོར་གྱི་སྙན་ཞུ་ཞིག་བྲིས་ཡོད་འདུག

དེ་སྔོན་ཕྱི་ལོ་༢༠༡༠ ལོར་རྒྱ་ནག་ནང་། དམ་དྲག་དང་། གནས་ཚུལ་རྐུན་ལག་ཏུ་ཤོར་བ། དེ་བཞིན་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བ་བཅས་ཀྱི་གནད་དོན་ལ་བརྟེན་ནས་གྷུ་གྷེལ་འཚོལ་བཤེར་མ་ལག་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་པ་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།