ང་ཚོ་ལ་ནང་ཁུལ་རྙོག་འཛིང་བར་འཛུལ་བསྡད་རྒྱུའི་དུས་ཚོད་ཡོད་མ་རེད།

ཕྱི་ཟླ་༡༡ ཚེས་༡༧ ཉིན་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་སུ་བཅར་རྒྱུ་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་སོགས་གྲུབ་ནས་ཕྱིར་རྒྱ་ནག་ཏུ་ལོག་ཡོད་པ་དང་། སྐབས་དེར་གནམ་ཐང་གི་ཉེ་ས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་ས་གནས་བོད་མི་ཁག་ཅིག་དང་། ཡུ་གུར་བ། ཧོང་ཀོང་གི་ལས་འགུལ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག སྐབས་དེར་རྒྱ་མི་མང་པོ་ཞིག་འབྱོར་ནས་བོད་པའི་ལས་འགུལ་བ་ཚོར་འབུད་རྒྱག་གཏོང་བ་དང་སུན་གཙེར་བཟོ་བ། དེ་བཞིན་རྒྱ་མིའི་རྒྱ་དར་གྱིས་བོད་ཀྱི་རྒྱལ་དར་འགེབས་ཐབས་བྱས་པ་སོགས་བྱས་ཡོད་འདུག ལས་འགུལ་བ་འཆི་མེད་ལྷ་མོས་བརྒྱུད་ལམ་ཁག་ནས་བརྗོད་དོན། ཞི་ཅིན་ཕིང་ཨ་རིར་འབྱོར་དུས་ནས་ང་ཚོ་བོད་པ་མི་མང་པོ་མེད་ཀྱང་གནམ་ཐང་དུ་སྐད་ཚང་མ་འགག་བཞིན་ངོ་རྒོལ་བྱེད་དུ་སླེབས་ཡོད་པ་དང་། ཉིན་དང་པོ་ནས་བཟུང་ཁོ་རང་ཨ་རིའི་ཚོང་པ་ཚོ་དང་མཉམ་དུ་ཁ་ལག་ཟ་སའི་མགྲོན་ཁང་གི་ཕྱི་ལོགས་སུ་སྐད་འབོད་བརྒྱབས་པ་དང་། ཞི་ཅིན་ཕིང་ཕྱིར་ལོག་སྐབས་གནམ་ཐང་འགྲམ་དུ་ངོ་རྒོལ་བྱེད་སྐབས། རྒྱ་མི་མང་པོ་ཞིག་སླེབས་ཏེ་བོད་པ་ཚོར་སུན་གཙེར་བཟོས་ཡོད་པ་དང་། ཁོང་ཚོའི་བྱ་སྤྱོད་ལ་ལྟ་དུས་རྒྱའི་གཞུང་ཚབ་ཀྱིས་རྒྱ་མི་ཚོར་སྒོར་མོ་སྤྲད་པ་འདྲ་བོ་འདུག་སོགས་རྗོད་ཀྱི་འདུག་ལ། ཁོང་མོས་མུ་མཐུད་བརྗོད་དོན། ང་ཚོ་མི་བརྒྱ་ལྷག་ཙམ་ལས་མེད་ནའང་སྐད་ཆེན་པོ་བརྒྱབས་པས་འཛམ་གླིང་གི་གསར་ཁང་ཚང་མས་ང་ཚོ་བོད་པའི་འཐབ་རྩོད་དང་བོད་ནང་གི་གནས་སྟངས་སྐོར་བྲིས་ཡོད་རེད། དེ་ང་ཚོའི་ནུས་པ་སྤུངས་པའི་གྲུབ་འབྲས་རེད། གནམ་ཐང་ཕྱི་ལོགས་སུ་རྒྱ་མི་མང་པོ་ཡོད་ཀྱང་ང་ཚོས་བོད་པའི་རྒྱ་དར་ཡར་བསླངས་ཡོད། སེམས་ཤུགས་མ་ཆགས་རོགས། ང་ཚོ་མཉམ་རུབ་ཀྱིས་ང་ཚོའི་ཁ་གཏད་དངོས་གནས་རྒྱ་དམར་གཞུང་ལ་ཁ་གཏད་གཅག་རྒྱུའི་བསམ་མནོ་གཏོང་རོགས་གྱིས། འཆར་གཞི་འདིང་རོགས་གྱིས། ང་ཚོ་རུག་རུག་བྱས་ཤིང་བསམ་མནོ་གཏོང་ཞེས་དང་། གཞོན་སྐྱེས་ཚོ་ལ་ཟབ་སྦྱོང་སྤྲད་དགོས་པ་དང་།
ནང་ཁུལ་རྙོག་འཛིང་བར་ལ་འཛུལ་བསྡད་རྒྱུའི་དུས་ཚོད་ཡོད་མ་རེད། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་རེད། ཚང་མ་ལོངས་ཤོག་ཅེས་བརྗོད་འདུག
ཞི་ཅིན་ཕིང་ཨ་རིར་འབྱོར་བ་ནས་ཁ་སང་ཕྱི་ཚེས་༡༧ ཉིན་ཕྱིར་རྒྱ་ནག་ཏུ་མ་ལོག་བར་རྒྱ་གཞུང་གི་བཙན་དབང་འོག་ཡོད་པའི་བོད་དང་ཡུ་གུར། སོག་པོ། ཧོང་ཀོང་། གཞན་ཡང་ཐའེ་ཝན་དང་རྒྱའི་དམངས་གཙོ་དོན་གཉེར་བ་བཅས་ཀྱིས་ཁོའི་འགྲོ་འདུག་སྤྱོད་གསུམ་གྱི་ཉེ་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་མཚམས་མེད་པ་བྱས་ཡོད་པ་རེད་ལ། ལྷག་ཏུ་བོད་པའིོ་ལས་འགུལ་བ་བུད་མེད་གཞོན་སྐྱེས་ཁག་ཅིག་གཙོ་བོ་བྱས་ཏེ་ཞི་ཅིན་ཕིན་ཡོང་སའི་མགྲོན་ཁང་གི་མདུན་གྱི་ལྕགས་སྡོང་སྟེང་དུ་འཛེགས་པ་དང་མགྲོན་ཁང་གི་མདུན་སོགས་ནས་དུས་ཡུན་རིང་པོར་བོད་ཀྱི་རྒྱལ་དར་གནམ་ལ་འཕྱར་བ་དང་། གཞན་ཡང་བོད་ལ་རང་དབང་དགོས་པ། སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་གི་དུས་ཡུན་རྫོགས་ཟིན་པ། བོད་རང་བཙན་སོགས་བཀོད་པའི་འཕྲེད་དར་དཔྱངས་ཏེ་ངོ་རྒོལ་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་བར་ཐུག་འཕྲད་བྱས་ཡོད་པ་དང་། དེའི་རྗེས་སུ་གསར་འགོད་པའི་ལན་དུ་ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕིང་ལ་སྒེར་གཅོད་པ་ཞེས་ཐེངས་གཉིས་པ་དེ་བོས་ཡོད་པ་རེད་ལ། དེ་བཞིན་ཁོང་གིས་གསུང་བཤད་སྐབས་སུ་སྤྱིར་རྒྱལ་ཁབ་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་བརྩི་བཀུར་བྱ་རྒྱུའི་འོས་འགན་ཡོད་པའི་གླེང་སློང་གནང་བ་དང་། ཁྱད་པར་དུ་རྒྱ་གཞུང་གིས་བོད། ཡུ་གུར། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པའི་སྐོར་སོགས་བརྗོད་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།