ཉི་ཧོང་གི་སྲིད་བློན་ཟུར་པ་ཤིང་ཛོ་ཨ་བྷེན་མེ་མདའི་རྨས་སྐྱོན་འོག་སྐུ་གྲོངས་ཡོད་འདུག
ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིང་ཛོ་ཨ་བྷེན་གྱིས་ཉི་ཧོང་ནུབ་རྒྱུད་ཀྱི་ན་ར་(NARA) གྲོང་ཁྱེར་དུ་མང་གཙོ་ཚོགས་པའི་འོས་བསྡུའི་དྲིལ་གྱི་གཏམ་བཤད་སྐབས། སྐྱེས་པ་ཞིག་གིས་ཁོང་ལ་མེ་མདའ་ཐེངས་གཉིས་བརྒྱབ་ནས་ས་འགྱེལ་བ་དང་མྱུར་སྐྱོབ་བྱེད་ཐབས་བྱས་ཀྱང་། སྐུ་གྲོངས་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༨ ཉིན་ཉི་ཧོང་གི་དུས་བབ་གསར་ཁང་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཧོང་གི་སྲིད་འཛིན་ཟུར་པ་སྐུ་ཞབས་ཤིང་ཛོ་ཨ་བྷེན་གྱིས་ཉི་ཧོང་ནུབ་རྒྱུད་ཀྱི་ན་ར་གྲོང་ཁྱེར་དུ་མང་གཙོ་ཚོགས་པའི་འོས་བསྡུའི་དྲིལ་གྱི་གཏམ་བཤད་སྐབས། སྐྱེས་པ་ཞིག་གིས་རྒྱབ་ནས་ཨ་བྷེན་ལ་འཇབ་རྒོལ་བྱས་ནས་མེ་མདའ་ཐེངས་གཉིས་བརྒྱབ་ཡོད་པ་དང་། མེ་མདའ་ཐེངས་གཉིས་པ་དེ་ཁོང་གི་རྒྱབ་ལ་ཕོག་ནས་ས་ལ་འགྱེལ་ཡོད་ཅིང་། སྐབས་དེར་ས་གནས་ཉེན་རྟོག་པས་དེ་མ་ཐག་ཏུ་འཇབ་རྒོལ་བྱེད་མཁན་དེ་འཛིན་བཟུང་བྱས་འདུག
དོན་རྐྱེན་དེ་ནི་ཚེས་༨ གྱི་ཉི་ཧོང་གི་ཆུ་ཚོད་༡༡།༣༠ སྟེང་བྱུང་ཡོད་པ་དང་། ས་གནས་ཉེན་རྟོག་པས་རང་ལོ་༤༢ ཡིན་པའི་ཉེས་ཅན་པ་དེ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། དོན་རྐྱེན་དེ་བྱུང་བའི་རྗེས་ས་གནས་ཉེན་རྟོག་པས་སྲིད་བློན་ཟུར་པ་སྐུ་ཞབས་ཨ་བྷེན་ས་གནས་སྨན་ཁང་མྱུར་སྐྱོབ་བྱས་ཡོད་ཀྱང་། ད་ལྟའི་འཆར་ཁོང་འདས་གྲོངས་སོང་བའི་གནས་ཚུལ་འདུག
དེ་བཞིན་ཉི་ཧོང་རྒྱལ་ས་ཊོག་ཀྱོ་ཡི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ཡུ་ཆི་(Yoichi Masuzoe) ཡིས་སྒེར་གྱི་སྤྱི་ཚོགས་དྲ་རྒྱ་ཊི་ཊར་ཐོག་གནས་ཚུལ་སྤེལ་བའི་གནང་། རང་ལོ་༦༧ ཡིན་པའི་སྐུ་ཞབས་ཨ་བྷེན་ (cardiopulmonary arrest) “སྙིང་རྩ་འགག་པའི་གནས་སུ་གྱུར་འདུག་” ཅེས་བརྗོད་ཡོད་འདུག དེ་ནི་ཉི་ཧོང་གི་སྨན་པས་འཆི་རྒྱུ་གཏན་ཁེལ་མ་བྱས་གོང་བེད་སྤྱོད་བཏང་བའི་ཐ་སྙད་ཅིག་ཡིན་པ་རེད།
སྐུ་ཞབས་ཨ་བྷེན་ནི་ཉི་ཧོང་གི་སྲིད་བློན་དུས་ཡུན་རིང་ཤོས་གནང་མཁན་ཞིག་ཡིན་པ་མ་ཟད། ཕྱི་ལོ་༢༠༠༦ ལོར་ཁོང་གིས་ལོ་གཅིག་རིང་སྲིད་བློན་ལས་འགན་ཁུར་ཡོད་པ་དང། དེའི་རྗེས་ཕྱི་ལོ་༢༠༡༢ ནས་༢༠༢༠ ལོ་བར་སླར་ཡང་སྲིད་བློན་གྱི་ལས་འགན་ཁུར་ཡོད་ཀྱང་། ཕྱི་ལོ་༢༠༢༠ ཟླ་༡༢ པའི་ཚེས་༢༤ ཉིན་ཁོང་གི་གཟུགས་གཞིའི་གནས་སྟངས་རྐྱེན་པས་སྲིད་སྟེགས་ནས་དགོངས་ཞུས་པ་དང་། སྲིད་བློན་ལས་ཚབ་ཀྱི་འགན་སྲིད་དོན་མཉམ་འབྲེལ་ཚོགས་པའི་སྐུ་ཞབས་ཡུ་ཤི་ཧ་ཌི་ (Yoshihide Suga) ཡིས་ཁུར་ཡོད་ཀྱང་། ཕྱིས་སུ་ཁོང་དང་སྐུ་ཞབས་ཧྥོ་མུ (Fumio Kishida) བར་སྲིད་བློན་གྱི་ལས་གནས་བརྗེ་ལེན་བྱས་ཡོད་འདུག
སྤྱིར་ཉི་ཧོང་ནང་དུ་མེ་མདའ་དྲག་ཤུགས་ཀྱི་དོན་རྐྱེན་བྱུང་བ་ཧ་ཅང་དཀོན་པ་ཡིན་པ་མ་ཟད། མེ་མདའ་ཐུང་མདའ་རིགས་བདག་ཉར་བྱེད་རྒྱུར་ཉི་ཧོང་གཞུང་གིས་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་རྐྱེན་གྱིས་དྲག་ཤུགས་དོན་རྐྱེན་ཕར་ཆེར་ཉི་ཧོང་ནང་དུ་ཐོས་མ་མྱོང་བ་རེད། ཕྱི་ལོ་༢༠༡༤ ལོར་ཉི་ཧོང་དུ་མེ་མདའི་འོག་ཚེ་སྲོག་ཤོར་བའི་དོན་རྐྱེན་མི་༦ བྱུང་ཡོད་པ་དང་། ཨ་རིའི་ནང་མི་གྲངས་༣༣༥༩༩ ཡི་ཚེ་སྲོག་མེ་མདའི་དོན་རྐྱེན་འོག་ཤོར་འདུག དེ་བཞིན་ཉི་ཧོང་ནང་མེ་མདའ་ཉོ་རྒྱུའི་ཐད་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། གལ་སྲིད་མེ་མདའ་ཉོ་དགོས་ཚེ་ངེས་པར་དུ་རྒྱུགས་ལེན་བྱེད་དགོས་པ་མ་ཟད། སེམས་ཁམས་བདེ་ཐང་ཡིན་མིན་གྱི་ཐོག་བརྟགས་དཔྱད་བྱས་ན་ད་གཟོད་མེ་མདའ་ཉོ་ཐུབ་ཀྱི་ཡོད་ཀྱང་། མེ་མདའ་ (hotguns and air rifles) མ་གཏོགས་བཀོལ་སྤྱོད་མི་ཆོག་པ་རེད།
གནས་ཚུལ་དེ་བྱུང་རྗེས་ཉི་ཧོང་གི་དོན་རྐྱེན་དེ་དང་འབྲེལ་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་ཡོད་པ་དང་། ཨོ་གླིང་གི་སྲིད་བློན་ཟུར་བ་སྐུ་ཞབས་ཁེ་ཝིང་གིས་(Kevin Rudd) “དམངས་གཙོར་རྒྱབ་སྐྱོར་བྱེད་མཁན་ལ་ཕར་རྒོལ་བྱས་པ་”ཞེས་བརྗོད་ཡོད་མ་ཟད། ཉི་ཧོང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་རོ་མེ་(Rahm Emanue) གྱིས་སྐུ་ཞབས་ཨ་བྷེན་ནི་སྔར་ནས་བཟུང་ཉི་ཧོང་གྱི་ཕུལ་བྱུང་དབུ་ཁྲིད་མི་སྣ་ཞིག་ཡིན་པ་དང་། ཨ་རིའི་བློ་བརྟན་འགྱུར་མེད་ཀྱི་མཛའ་གྲོགས་ཤིག་ཡིན་པས། ཨ་རིས་ཁོང་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས་ཡོད་འདུག་ཀྱང་། རྗེས་སུ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་འདུག །
གསར་འགོད་པ་ཆོས་གྲགས།