ཊོམ་ཕུ་སླར་ཡང་ཨ་རིའི་སྲིད་འཛིན་དུ་བདམས་ཚེ་ཨ་རི་བྱང་ཆིངས་སྒྲིག་འཛུགས་ནས་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་བརྗོད་འདུག

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྒྲིག་འཛུགས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཁག་གིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཟུར་པས་ཡུག་རེན་ལ་རོགས་རམ་བྱས་པ་དང་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚོས་རྒྱལ་སྲུང་ཐད་འགྲོ་གྲོན་འདང་ངེས་གཏོང་གི་མེད་པར་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འཇར་མན་དང་ཧྥ་རན་སི། པོ་ལན་ཌི་བཅས་གསུམ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཧྥ་རན་སིའི་རྒྱལ་ས་ལ་ཐུག་འཕྲད་བྱས་ནས་ཡུག་རེན་གྱི་གནད་དོན་གཙོས་པའི་གནད་དོན་གཞན་དག་ཐད་གྲོས་མོལ་བྱས་ཡོད་པ་མ་ཟད། ཕྱི་ལོ་༡༩༩༡ ལོར་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་སྐུལ་འདེད་ཆེད་གསར་འཛུགས་བྱས་པའི་ཝེ་མ་ཟུར་གསུམ་(Weimar Triangle) ་ཞེས་པའི་ཚོགས་པ་བསྐྱར་གསོ་བྱ་རྒྱུའི་ཐོག་གྲོས་བསྡུར་བྱས་ཡོད་འདུག

གཞན་ཡང་། ཉེ་ཆར་པོ་ལན་ཌིའི་སྲིད་བློན་(Tusk) ་ཡིས་ཧྥ་རན་སིའི་སྲིད་འཛིན་དང་ཐུག་འཕྲད་བྱས་ཤིང་། ཧྥ་རན་སིའི་སྲིད་འཛིན་གྱིས་ཁོང་དང་བཀའ་མོལ་གནང་སྐབས། ཡུ་རོབ་ཀྱིས་ཡུག་རེན་གྱི་དགོས་མཁོ་སྐོང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པར་བརྗོད་ཡོད་འདུག ཟླ་འདིའི་ཚེས་༡༢ ཉིན་ཁོང་གིས་འཇར་མན་གྱི་སྲིད་བློན་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁོང་གིས་པོ་ལན་ཌི་དང་དེའི་རོགས་ཟླ་གཙོ་བོ་ཡུ་རོབ་ཀྱི་རྒྱལ་ཁབ་དབར་གྱི་འབྲེལ་བར་བསྐྱར་གསོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

ཉེ་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་མི་རྒྱལ་ཁབ་༢༧ གྱིས་གྲོས་མཐུན་ཞིག་བཞག་ནས་ཡུག་རེན་ལ་དཔལ་འབྱོར་གྱི་རོགས་རམ་ཡོ་སྒོར་ཐེར་འབུམ་༥༠ སྤྲོད་རྒྱུ་བྱས་ཡོད་འདུག ད་ལྟའི་ཆར་ཡུ་རོབ་རྒྱལ་ཁབ་ཁག་གིས་མཉམ་ལས་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་ནི། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན། ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་གལ་སྲིད་ཁོང་ཉིད་ཨ་རིའི་སྲིད་འཛིན་ལ་སླར་ཡང་འདེམས་ཐོན་བྱུང་བ་ཡིན་ན། ཁོང་གིས་རྒྱལ་སྲུང་གི་ཐད་འགྲོ་སོང་མི་གཏོང་མཁན་བྱང་ཆིངས་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་ལ་སྲུང་སྐྱོབ་བྱ་རྒྱུ་མིན་ཞེས་དང་། ཨུ་རུ་སུས་གང་བྱེད་འདོད་པ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་དབང་གིས་ཡིན་འདུག

བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་སུ་རྒྱལ་ཁབ་༣༡ ཡོད་པ་དང་། ཁོངས་མིའི་རྒྱལ་ཁབ་ཚོས་ལོ་ལྟར་ཉུང་མཐར་རྒྱལ་ནང་ཐོན་སྐྱེད་བརྒྱ་ཆ་༢% ་རྒྱལ་སྲུང་ཐད་སྤྱོད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཁོངས་མིའི་རྒྱལ་ཁབ་མང་ཆེ་བས་ན་ནིང་དམིགས་ཚད་དེ་བཞིན་བསྒྲུབས་མེད་པར་བརྟེན། ཉེ་ཆར་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་གྱིས་གནང་བའི་གཏམ་བཤད་ཀྱིས་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་དངངས་སྐྲག་དང་ཧོན་འཐོར་བཅུག་ཡོད་འདུག

སྲིད་འཛིན་ཟུར་པ་ཊོམ་གྱིས་རྒྱུན་དུ་འཇར་མན་གཙོས་པའི་རྒྱལ་ཁབ་ཁག་གིས་ཨ་རི་ལ་བརྟེན་པ་ལས་རང་ཉིད་ཀྱི་རྒྱལ་སྲུང་ཐད་འགྲོ་གྲོན་འདང་ངེས་ཤིག་སྤྲོད་ཀྱི་མེད་པར་ཁ་རྡུང་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག ཨ་རིའི་སྲིད་གཞུང་གིས་ཀྱང་ཡུ་རོབ་པས་རྒྱལ་སྲུང་ཐད་འགྲོ་སོང་འདང་ངེས་ཤིག་གཏོང་གི་མེད་ཅེས་སྐྱོན་བརྗོད་བྱས་ཀྱང་། སྲིད་འཛིན་ཟུར་པ་ཊོམ་ལྟར་རྣོ་ངར་ལྡན་པའི་སྐྱོན་བརྗོད་བྱེད་ཀྱི་མེད་པ་རེད་འདུག

སྲིད་འཛིན་ཟུར་པ་ཊོམ་གྱི་སྲིད་འཛིན་དུས་ཡུན་རྫོགས་རྗེས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་ཡོད་པ་དང་། ཡུག་རེན་ནི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་མིན་པ་མ་ཟད། ད་བར་ཨ་རིའི་གཞུང་གིས་ཨ་སྒོར་ཐེར་འབུམ་༤༤ ་ལྷག་གི་རོགས་རམ་བྱས་ཡོད་པས། སྲིད་འཛིན་ཟུར་པ་ཁོང་གིས་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གཞན་ཡང་(CNN) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ཕྱི་ཟླ་༣་ཚེས་༡༢ ཉིན་པར་སྐྲུན་བྱ་རྒྱུ་ཡིན་པའི་(The Return of Great Power) ཞེས་པའི་རྩོམ་པ་པོ་དང་། ཨ་རིིའི་སྲིད་འཛིན་ཟུར་པ་ཊོམ་དང་ད་ལྟའི་ལས་ཐོག་སྲིད་འཛིན་བྷ་ཌན་གྱི་སྲིད་གཞུང་ནང་མཐོ་རིམ་གྱི་གོ་གནས་བཞེས་མྱོང་བའི་ཨ་རིའི་མཐོ་རིམ་དཔོན་པོ་ཟུར་པ་ཞིག་གིས་གལ་སྲིད་སྲིད་འཛིན་ཟུར་པ་ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ། ཨ་རི་བྱང་ཆིངས་སྒྲིག་འཛུགས་ནས་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་གསར་འགོད་པ་ལ་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།