ཊོམ་ལ་བཙན་རྒོལ་གྱི་ཆགས་སྤྱོད་དང་འབྲེལ་བའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༡༠༠ ལས་མང་བས། སྲིད་འཛིན་ཊོམ་གྱིས་བུད་མེད་མང་པོ་ཞིག་ལ་བཙན་རྒོལ་གྱི་ཆགས་སྤྱོད་དང་སུན་གཙེར་བྱས་ཡོད་མེད་ཐོག རྟོག་ཞིབ་ནན་པོ་བྱེད་པའི་དགོས་འདུན་བཏོན་འདུག་ཀྱང་། ཊོམ་གྱིས་ཉེས་འཛུགས་དེ་དག་ནི་རྫུན་བཟོ་ཡིན་པ་དང་། བུད་མེད་དེ་དག་ངོ་ཤེས་ཀྱི་མེད་སྐོར་བརྗོད་འདུག

ཟླ་༡༢ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛེ་རཱའི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་བུད་མེད་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཀྱིས། ད་ལྟའི་ཆར་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་༡༠༠ ལས་མང་བས། སྲིད་འཛིན་ཊོམ་ལ་ཉུང་མཐར་བུད་མེད་༡༧ གྱིས་སྲིད་འཛིན་ཊོམ་ལ་བཙན་རྒོལ་ཆགས་སྤྱོད་དང་སུན་གཙེར་གྱི་ཉེས་འཛུགས་བྱས་ཡོད་པས། གྲོས་ཚོགས་འོག་མའི་ཞིབ་འཇུག་ལྷན་ཚོགས་ཀྱིས་རྟོག་ཞིབ་བྱེད་པའི་དགོས་འདུན་ལ་མིང་རྟགས་བཀོད་ཡོད་པ་དང་། རྒྱབ་སྐྱོར་བྱེད་མཁན་ད་དུང་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

ཟླ་༡༢ པའི་ཚེས་༡༢ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ། མང་གཙོའི་ཚོགས་པའི་གྲོས་ཚོགས་འོག་མའི་བུད་མེད་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྥེ་རན་ཀེན་གྱིས། ཊོམ་ལ་བཙན་རྒོལ་གྱི་ཆགས་སྤྱོད་དང་སུན་གཙེར་གྱི་ཉེས་འཛུགས་རྣམས། བདེན་པ་ཡིན་མིན་གསལ་པོ་ཆགས་རྒྱུའི་དུས་ལ་བབ་ཡོད་པ་དང་། བྱ་སྤྱོད་དེའི་རིགས་སྲིད་འཛིན་དང་སུ་ཡིན་ཡང་བཟོད་སྲན་བྱེད་མི་སྲིད་སྐོར་བརྗོད་འདུག

ད་བར་ཉུང་མཐར་བུད་མེད་༡༧ གྱིས་སྲིད་འཛིན་ཊོམ་གྱིས་དེ་སྔོན་འདོད་པ་མེད་པའི་ཐོག་ནས་འོ་བྱས་པ། མོ་མཚན་སོགས་ལ་ལག་པས་འཕུར་བ་སོགས་ཀྱི་ཉེས་འཛུགས་བྱས་ཡོད་པ་དང་། དེ་སྔོན་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་སྐབས། ཕྱི་ལོ་༢༠༠༥ ལོར་ཌོ་ནལ་ཊོམ་གྱིས་བརྙན་འཕྲིན་གྱི་གཙོ་སྐྱོང་བ་ཞིག་ལ། རང་ཉིད་སྐད་གྲགས་ཆེན་པོ་ཡིན་དུས། བུད་མེད་རྣམས་ལ་ཐད་ཀར་འོ་བྱེད་པ་དང་། མོ་མཚན་ལ་ལག་པ་འཆང་བ་སོགས་བྱེད་ཀྱི་ཡོད་པས། ཁོང་ཚོས་ཀྱང་དེ་རིགས་བྱེད་དུ་འཇུག་གི་ཡོད་སྐོར་བརྗོད་པའི་སྒྲ་ཞིག་ཕྱིར་ཐོན་ཡོད་འདུག་པ་དང་། སྐབས་དེར་ཊོམ་གྱིས་དགོངས་སེལ་ཞུས་ཡོད་འདུག

སྲིད་འཛིན་ཊོམ་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཊུ་ཊིར་ཐོག་ཏུ། མང་གཙོ་ཚོགས་པའི་ཆུ་ཚོད་སྟོང་ཕྲག་མང་པོ་དང་ཨ་སྒོར་ས་ཡ་མང་པོ་འཕྲོ་བརླག་བཏང་བའི་རྗེས་སུ་ཡང་། ཁོང་དང་ཨུ་རུ་སུའི་བར་གསང་བའི་ཐོག་ནས་ངན་པ་ལག་འབྲེལ་བྱས་པ་ཁུངས་སྐྱེལ་མ་ཐུབ་པ་དང་། ད་ལྟ་ཡང་ཁོང་གིས་ངོ་མི་ཤེས་པའི་བུད་མེད་ཁག་ཅིག་གིས་རྫུན་བཟོ་བྱས་པའི་ཉེས་འཛུགས་ཐོག་ལ་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཉེ་བའི་ཆར་རྒྱལ་སྤྱིའི་ནང་དང་ལྷག་པར་དུ་ཨ་རིའི་ནང་། བུད་མེད་རྣམས་ཀྱིས་རང་ཉིད་ལ་བཙན་གཡེམ་དང་ཆགས་སྤྱོད་ཀྱི་སུན་གཙེར་བྱུང་བའི་གནད་དོན་རྣམས། སྤྱི་ཚོགས་བརྒྱུད་ལམ་སོགས་ལ་གསལ་སྟོན་བྱེད་པའི་འགྲོས་ཤིག་དར་ནས། ཨ་རིའི་ནང་གྲོས་ཚོགས་འཐུས་མི་གཙོས་པའི་སྐད་གྲགས་ཆེ་བའི་མི་ཁག་ཅིག་ལ་མིང་ཆད་ཆེན་པོ་བྱུང་ཡོད་པ་དང་། ཁག་ཅིག་ལས་གནས་ལས་དགོངས་པ་ཞུ་དགོས་པ་བྱུང་འདུག

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཀེར་སེ་ཊན་གྷིལ་བྷེ་རེན་ཌ་ཡིས། ཊུ་ཊིར་ཐོག་ཏུ་སྲིད་འཛིན་ཊོམ་རྩ་དགོངས་ཞུ་དགོས་སྐོར་བརྗོད་འདུག་པས། ཕྱོགས་གཉིས་བར་ཚིག་མཚོན་འདེབས་རེས་བྱས་པའི་གནས་ཚུལ་ཐོན་འདུག་པ་དང་། སྐབས་དེར་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ལྕམ་མ་ཛེ་ཧིར་ནུ་ཡིས། སྲིད་འཛིན་ཊོམ་ལ་ཊུ་ཊིར་ཐོག་ཁ་གཏད་བཅག་པ་ཡང་བྱུང་འདུག

སྲིད་འཛིན་ཊོམ་ལ་རྟོག་ཞིབ་བྱེད་པའི་དགོས་འདུན་འདོན་མཁན་གྲོས་ཚོགས་འཐུས་མི་རྣམས་ཀྱིས། གྲོས་ཚོགས་འོག་མའི་ཞིབ་འཇུག་ལྷན་ཚོགས་ཀྱིས་ཉིན་༡༠ ཡི་ནང་ཚུད་དུ་ལན་འདེབས་བྱེད་པའི་རེ་སྐུལ་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།