ཏུར་ཀི་ལ་ས་འགུལ་བརྒྱབ་ནས་མི་༤༣༠༠ ལྷག་གྲོངས་ཡོད་འདུག
ཟླ་འདིའི་ཚེས་༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ལ་ས་འགུལ་རིམ་པ་༧.༨ བརྒྱབ་ནས་མི་གྲངས་༤༣༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་བར་རྒྱལ་ཁབ་༤༥ ཡིས་རོགས་རམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༦ ཉིན་གྱི་ཞོགས་པ་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྷོ་ཤར་སུ་ཡོད་པའི་(Gaziantep) གྲོང་ཁྱེར་ནས་མེ་ལི་༡༡ ཡོད་སར་ས་འགུལ་རིམ་པ་༧.༨ ཞིག་བརྒྱབ་ཡོད་པ་དང་། ས་ཁུལ་དེ་ནི་ཏུར་ཀི་དང་སི་རི་ཡའི་ས་མཚམས་ཆགས་ཀྱི་ཡོད་པ་མ་ཟད་ཡུལ་དེར་སི་རི་ཡ་ནས་བྲོས་བྱོལ་དུ་ཡོང་མཁན་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་གནས་སྡོད་བྱེད་ཀྱི་ཡོད་འདུག་ལ། སི་རི་ཡའི་ཕྱོགས་སུ་ཡང་ས་འགུལ་གྱི་གནོད་སྐྱོན་ཆེན་མོ་ཕོག་ཡོད་འདུག ས་འགུལ་དང་པོ་བྱུང་ནས་དུས་ཡུན་ཆུ་ཚོད་༡༢ ཙམ་གྱི་རྗེས་སུ་(Elbistan) ཞེས་པའི་རྫོང་གི་ནང་སླར་ཡང་ས་འགུལ་རིམ་པ་༧.༥ ཅན་ཞིག་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག ས་འགུལ་རིམ་པ་དེ་གཉིས་ཀྱི་ཁྲོད་དུ་ད་བར་མི་གྲངས་༤༣༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད་མི་གྲངས་༡༤༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག། ད་ལྟའི་ཆར་ཁ་བ་འབབ་བཞིན་པའི་དགུན་གཞུང་གི་གྲང་ངར་ཧ་ཅང་ཆེ་བའི་ཁྲོད་དུ་རྒྱལ་ཁབ་མང་པོ་ནས་ཡོང་བའི་ཉེན་སྐྱོབ་རུ་ཁག་རྣམས་ཀྱིས་ཚེ་སྲོག་སྐྱོབ་བཞིན་ཡོད་པ་དང་ཕུང་པོ་མང་པོ་རྙེད་བཞིན་ཡོད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་མི་༢༠༠༠༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་པའི་ཚོད་དཔག་བྱས་ཡོད་འདུག
ས་འགུལ་དེའི་ཁྲོད་དུ་ཏུར་ཀིའི་གནམ་ཐང་བཞི་དང་། གཞུང་ལམ་དང་ཁང་པ་སྟོང་ཕྲག་མང་པོ་ལ་གཏོར་སྐྱོན་ཕོག་ཡོད་པ་དང་། ལྷག་པར་དུ་རོ་མན་རྒྱལ་ཁམས་སྐབས་སུ་བཞེངས་པའི་ལོ་ངོ་༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་མཁར་རྫོང་ཞིག་ལ་ཡང་གཏོར་སྐྱོན་ཕོག་ཡོད་འདུག། ད་བར་གཏོར་སྐྱོན་ཕོག་པའི་ཐོག་རྩེག་ཁང་ལ་༤༧༥༨ ནས་མི་གྲངས་༨༠༠༠ ལྷག་ཉེན་སྐྱོབ་བྱས་ཡོད་འདུག
ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཧོ་ལན་ཌི། རོ་མ་ནི་ཡ་དང་རྒྱ་གར་སོགས་ཀྱིས་ཉེན་སྐྱོབ་རུ་ཁག་བཏང་ཡོད་པ་མ་ཟད། དབྱིན་ཡུལ་གྱིས་ཡོ་ཆས་དང་རོགས་སྐྱོབ་ཁྱི་(Resue dog) དང་དེ་བཞིན་ཆེད་ལས་མི་སྣ་༧༦ མངགས་ཡོད་པ་དང་། རྒྱ་ནག་གི་ཛ་དྲག་རོགས་རམ་གྱི་ཆེད་དུ་ཨ་སྒོར་ས་ཡ་༦ སྤྲད་ཡོད་འདུག ཏུར་ཀིའི་སྲིད་འཛིན་གྱིས་ཨ་རི་དང་ཨུ་རུ་སུ། ཧྥ་རན་སི་དང་འཇར་མན་ནི་སོགས་ད་བར་རྒྱལ་ཁབ་༤༥ ཡིས་རོགས་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་རབས་དང་ས་འགུལ་དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ནང་གི་སྡུག་ཤོས་དེ་ཆགས་ཡོད་རབས་བརྗོད་ཡོད་འདུག
ཏུར་ཀིའི་སྲིད་འཛིན་ཨེ་ཌོ་གྷན་(Erdogan) གྱིས་ས་འགུལ་གྱི་ཁྲོད་དུ་ཚེ་སྲོག་ཤོར་མཁན་ཚོའི་དོན་དུ་བདུན་གཅིག་རིང་རྒྱལ་ཡོངས་ཀྱི་མྱ་ངན་ཞུ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རོགས་རམ་བྱེད་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག ད་ལྟའི་ཆར་ཉུང་མཐར་བདུན་ཕྲག་གཅིག་རིང་སློབ་མཚམས་བཞག་ཡོད་པའི་གནས་ཚུལ་ཐོན་འདུག
ཏུར་ཀི་ནི་འཛམ་གླིང་ཐོག་ས་འགུལ་ཡོང་ཉེན་ཆེ་ཤོས་གྲས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། ཕྱི་ལོ་༡༩༩༩ ལོར་ཏུར་ཀིའི་ནུབ་བྱང་ས་ཁུལ་དུ་ས་འགུལ་ཞིག་བརྒྱབ་ནས་མི་གྲངས་༡༧༠༠༠ ཡི་ཚེ་སྲོག་ཤོར་ཡོད་འདུག་ལ། ཕྱི་ལོ་༡༩༣༩ ལོར་ཏུར་ཀིའི་ཤར་ཕྱོགས་(Erzincan) ཞེས་པའི་མངའ་སྡེའི་ནང་ས་འགུལ་ཞིག་བརྒྱབ་ནས་མི་གྲངས་༣༣༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པའི་ལོ་རྒྱུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།