ཐའེ་ཝན་གྱིས་རྒྱ་ནག་དང་ཞི་བའི་ཐོག་མཉམ་གནས་བྱེད་འདོད་ཡོད་སྐོར་བརྗོད་འདུག

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱིས། རྒྱ་ནག་དང་ཐའེ་ཝན་གཉིས་བར་ཞི་བ་དང་བརྟན་ལྷིང་རྒྱུན་སྐྱོང་ཐུབ་ཆེད་དུ། ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་སྐོར་བརྗོད་འདུག 

དེ་ཡང་ཐའེ་ཝན་གྱི་རྒྱལ་ཡོངས་ཉིན་མོ་ཏེ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་འགོ་འཛུགས་བྱས་པའི་ཉིན་མོ་ཟླ་༡༠ པའི་ཚེས་༡༠ ཉིན་སྲུང་བརྩི་བྱས་ཡོད་པ་དང་། སྐབས་དེར་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝན་གྱི་གཏམ་བཤད་ནང་དུ། ད་ལྟའི་གནས་སྐབས་དེར་ཐའེ་ཝན་དང་རྒྱ་ནག་གཉིས་བར་ཛ་དྲག་གིས་སྒྲུབ་དགོས་པའི་གནད་དོན་གལ་ཆེ་ཤོས་ནི། ཕྱོགས་གཉིས་བར་ཕན་ཚུན་གུས་བརྩི་དང་མཛའ་འབྲེལ། བསམ་ཤེས་གཞི་ལ་བཞགས་པའི་ཐོག་ཞི་བའི་ངང་མཉམ་གནས་གང་འདྲ་བྱེད་ཐུབ་པའི་ཐོག་གྲོས་སྡུར་བྱེད་རྒྱུ་དེ་ཡིན་པ་དང་། རྒྱ་ནག་གིས་ཕྱོགས་གཉིས་བར་འདྲ་མཉམ་དང་ཆེ་མཐོང་ཡོད་པའི་ཐོག་ནས། འཁོན་འཛིན་ཞི་བར་བྱས་ནས་འབྲེལ་ལམ་ཡར་རྒྱས་གཏོང་འདོད་ཡོད་ཚེ། ཐའེ་ཝན་ངོས་ནས་ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་ཐོག་ཤུགས་སྣོན་རྒྱག་འདོད་ཡོད་སྐོར་བརྗོད་འདུག 

དེ་ཡང་ཉེ་བའི་ཆར་ཨ་རིའི་མཐོ་རིམ་ལས་བྱེད་ཁག་ཅིག་ཐའེ་ཝན་དུ་སྐོར་སྐྱོད་ལ་སླེབས་ཡོད་པ་དང་། ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་བའི་འབོར་དེ་ཆེ་རུ་བཏང་ཡོད་པས། རྒྱ་ནག་གིས་ངོ་རྒོལ་གྱིས་རྣམ་འགྱུར་སྟོན་ཆེད་དུ་ཐའེ་ཝན་ཉེ་འགྲམ་དུ་དམག་སྦྱོང་མང་དུ་བཏང་ཡོད་ཁར། ཐའེ་ཝན་གྱི་བར་སྣང་དུ་གནམ་དམག་བཏང་བ་སོགས་བྱས་ཡོད་པ་རེད། 

ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་རྒྱལ་ཁབ་ཀྱི་བདེ་འཇགས་དང་མངའ་ཁུལ་གྱི་ཞི་བདེ་རྒྱུན་གནས་ངེས་གཏན་བཟོ་ཆེད་ཀྱི་ལམ་ཁ་གཅིག་པུ་ནི། བདེ་སྲུང་གི་ནུས་པ་འདང་ངེས་ཤིག་ཉར་འཚག་བྱེད་རྒྱུ་དེ་ཡིན་པས། རྒྱ་ནག་གི་འཁྲུག་སློང་དང་དམག་གི་རྒྱ་སྐྱེད་ལ་ཁ་གཏད་གཅོག་ཆེད་དུ་དམག་འཐབ་ཀྱི་ནུས་པ་མུ་མཐུད་ནས་གོང་འཕེལ་གཏོང་རྒྱུ་ཡིན། མཚོ་འགག་གཉིས་བར་བརྟན་ལྷིང་རྒྱུན་གནས་ཐུབ་པ་བྱེད་རྒྱུ་དེ་ནི་ཕྱོགས་གཉིས་ཀའི་ཁེ་ཕན་ཡིན་པས། དམག་འཁྲུག་གཡོལ་ཆེད་དུ་ཐའེ་ཝན་ནས་མུ་མཐུད་ནས་ཞེད་སྣང་བྱེད་རྒྱུ་མིན་ཡང་དམག་འཁྲུག་སློང་ཐབས་ཀྱང་བྱེད་རྒྱུ་མིན་སྐོར་བརྗོད་འདུག 

ལྕམ་ཁོང་གིས་ཟླ་བ་སྔོན་མའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་ཐོག་ཏུ། རྒྱ་ནག་གིས་རྒྱ་སྐྱེད་དང་དབང་འདུས་ཀྱི་ལས་དོན་སྤེལ་རྒྱུ་མིན་པ་ཁས་ལེན་བྱས་ཡོད་པས། རྒྱ་ནག་དངོས་སུ་འགྱུར་བ་འགྲོ་བར་རེ་བ་བྱེད་ཀྱི་ཡོད་པ་དང་། ཐའེ་ཝན་ཕྱོགས་ནས་ཕྱོགས་གཉིས་བར་གྱི་བརྟན་ལྷིང་མུ་མཐུད་ཉར་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཀྱང་། དེ་ནི་ཐའེ་ཝན་གཅིག་པུའི་ལས་འགན་མིན་ཁར་ཕྱོགས་གཉིས་ཟུང་སྦྲེལ་གྱི་ལས་འགན་ཡིན་སྐོར་བརྗོད་འདུག 

ཏོག་དབྱིབས་ནད་དུག་གི་དུས་སྐབས་འདིར། འཛམ་གླིང་ནང་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཉར་ཐུབ་མཁན་རྒྱལ་ཁབ་ཁ་ཤས་ལས་མེད་པའི་ཁྲོད་གཅིག་ཐའེ་ཝན་ཡིན་འདུག་པ་དང་། ཐའེ་ཝན་གྱིས་དཔལ་འབྱོར་མུ་མཐུད་ནས་གོང་འཕེལ་གཏོང་ཆེད་དུ་ཐབས་བྱུས་ཆེ་བ་གསུམ་ལག་བསྟར་བྱེད་རྒྱུ་ཡིན་པ། དེ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་མཇུག་སྒྲིལ་བའི་རྗེས་སུ་ཡང་། དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་འཐེན་ཟིན་སྐོར་བརྗོད་འདུག དེ་བཞིན་ཐའེ་ཝན་དང་ཨ་རི་གཉིས་བར་ཐོན་རྫས་བཟོ་སྐྲུན་དང་མཁོ་སྤྲོད། འཕྲུལ་ཆས་དང་འཛུགས་སྐྲུན་སོགས་ཀྱི་ཐོག་གོ་སྐབས་ངོས་འཛིན་ཆེད་དུ། ཆེས་མཐོའི་ཚོགས་འདུ་འཚོག་འཆར་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།