ཐའེ་ཝན་དང་ཨ་རིའི་འགྲིམ་འགྲུལ་ཐད་ཊོམ་གྱི་རྒྱབ་སྐྱོར་དང་རྒྱ་ནག་གི་ཁོང་ཁྲོ།

ཐའེ་ཝན་དང་ཨ་རི་གཉིས་ཀྱི་མཐོ་རིམ་དཔོན་རིགས་རྣམས་གཞུང་འབྲེལ་ཐོག་ཕན་ཚུན་འགྲིམ་འགྲུལ་བྱ་རྒྱུའི་གྲོས་ཆོད་ལ་སྲིད་འཛིན་ཊོམ་གྱིས་མིང་རྟགས་བཀོད་ཡོད་སྟབས་རྒྱ་ནག་ཁོང་ཁྲོ་དྲག་པོ་ལངས་ཡོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་མཐོ་རིམ་དཔོན་རིགས་རྣམས་ཐའེ་ཝན་དུ་བཏང་སྟེ། ཐའེ་ཝན་གྱི་མཐོ་རིམ་དཔོོན་རིགས་རྣམས་དང་ཐུག་འཕྲད་བྱ་རྒྱུ་དང་། དེ་བཞིན་ཐའེ་ཝན་གྱི་མཐོ་རིམ་དཔོན་རིགས་རྣམས་ཨ་རིར་ཡོང་འཇུག་རྒྱུའི་གྲོས་ཆོད་ལ་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཡོད་འདུག་ཅིང་། གྲོས་ཆོད་དེ་ནི་ཟླ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པ་ཞིག་ཡིན་འདུག་པ་དང་། དེས་རྒྱ་ནག་ཁོང་དྲོ་དྲག་པོ་བསླངས་ཡོད་འདུག་པ་དང་། ནམ་རྒྱུན་དུ་རྒྱ་ནག་གིས་ཐའེ་ཝན་ནི་ལམ་ལུགས་ལ་ལྟོས་མེད་བྱེད་མཁན་གྱི་རྒྱ་ནག་ཁོ་རང་ཚོའི་ཞིང་ཆེན་ཞིག་ཡིན་པར་བསྒྲགས་བཞིན་ཡོད་པ་རེད།

གནད་དོན་འདིིའི་ཐོག་ཕོ་བྲང་དཀར་པོས། གལ་ཏེ་ཌོ་ནལ་ཊོམ་གྱིས་གྲོས་ཆོད་དེར་མིང་རྟགས་བཀོད་མེད་པའི་དབང་དུ་བཏང་ན་ཡང་། ཕྱི་ཟླ་༣ པའི་ཚེས་༡༧ ཉིན་གྲོས་ཆོད་དེ་ནུས་ཅན་ཆགས་ངེས་པ་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། གྲོས་ཆོད་དེ་ནི་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་འདུག་རུང་། དེ་ཨ་རིའི་ཁྲིམས་སུ་བཅའ་རྒྱུ་མེད་པ་རེད་འདུག འོན་ཀྱང་། དེས་ཐའེ་ཝན་ཐོག་འཛིན་པའི་ཨ་རིའི་སྲིད་ཇུས་བཟང་དུ་འགྲོ་བ་མཚོན་གྱི་ཡོད་སྟབས་རྒྱ་ནག་གིས་མི་དགའ་བའི་རྣམ་འགྱུར་ཤུགས་དྲག་སྟོན་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས་གྲོས་ཆོད་དེར་པེ་ཅིང་གཞུང་གིས་ཁ་གཏད་གཅོག་གི་ཡོད་པ་བསྐྱར་ནན་གྱིས་བརྗོད་ཡོད་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཨ་རིས་བརྩི་སྲུང་ཞུ་དགོས་པ། ཐའེ་ཝན་དང་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་འཛིན་རྒྱུ་མཚམས་འཇོག་བྱེད་དགོས་པ་བཅས་བརྗོད་ཡོད་འདུག་པ་མ་ཟད། ཌོ་ནལ་ཊོམ་གྱིས་གྲོས་ཆོད་དེར་མིང་རྟགས་བཀོད་རྗེས་སུ་རྒྱ་ནག་གཞུང་ཚབ་ཁང་གི་བསྒྲགས་གཏམ་ཞིག་ནང་། གྲོས་ཆོད་ཀྱི་དོན་ཚན་རྣམས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་དང་། ཨ་རྒྱ་གཉིས་བར་གྱི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་བརྡལ་བཤིག་གཏོང་བཞིན་ཡོད་པ་དང་། དེ་བཞིན་“དེ་ལ་རྒྱ་ནག་ཤིན་ཏུ་ནས་ཡི་མ་རངས་པ་གྱུར་ཏེ་ཁ་གཏད་གཅོག་གི་ཡོད་”ཅེས་དང་། ཨ་རིས་གཞུང་འབྲེལ་གྱི་ཐོག་ནས་ཐའེ་ཝན་དང་འབྲེལ་ལམ་ག་འདྲ་ཞིག་ཡིན་ཡང་འཛིན་རྒྱུ་མཚམས་འཇོག་བྱེད་རྒྱུ་དང་། ཐའེ་ཝན་དང་ཨ་རི་བར་གྱི་ད་ལྟའི་འབྲེལ་ལམ་དེ་དོན་དངོས་ཀྱི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།