ཐའེ་ཝན་ནི་ར་ཤི་ཡའི་རླངས་སྣུམ་མང་ཤོས་ཉོ་མཁན་དུ་གྱུར་འདུག


ར་ཤི་ཡས་ཡུག་རེན་ལ་བཙན་འཛུལ་བྱས་པའི་དབང་གིས། ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་ལྟར། ཐའེ་ཝན་གྱིས་ཀྱང་ར་ཤི་ཡར་དཔལ་འབྱོར་གྱི་ཉེས་ཆད་བཅད་ཅིང་། ཐའེ་ཝན་ནི་ཡུག་རེན་གྱི་མཐུན་ཕྱོགས་ཡིན་པར་བརྩི་བཞིན་ཡོད་ན་ཡང་། ད་ལྟའི་ཆར་ཐའེ་ཝན་ནི་འཛམ་གླིང་གི་ཁྱོན་ཡོངས་ནས་ར་ཤི་ཡའི་རླངས་སྣུམ་མང་ཤོས་ཉོ་མཁན་ཞིག་ཏུ་གྱུར་འདུག

པར། Opindia


ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༢ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ལོའི་ལོ་སྟོད་དུ་ཐའེ་ཝན་གྱིས་ཨ་སྒོར་ཐེར་འབུམ་༡།༣ གྱིས་ར་ཤི་ཡའི་རླངས་སྣུམ་(Naphtha) ཉོས་ནས་ནང་འདྲེན་བྱས་ཡོད་པ་དང་། ཟླ་རེའི་ནང་འདྲེན་གྱི་ཆ་སྙོམས་གྲངས་འབོར་དེ་ཕྱི་ལོ་༢༠༢༢ ལོའི་ཆ་སྙོམས་ལས་ལྡབ་དྲུག་གིས་འཕར་ཡོད་པ་མ་ཟད། ཕྱི་ལོ་༢༠༢༤ ལོའི་ལོ་སྟོད་དང་བསྡུར་ན། ད་ལོར་ཐའེ་ཝན་གྱིས་རླངས་སྣུམ་ནང་འདྲེན་བྱེད་ཚད་བརྒྱ་ཆ་༤༤% འཕར་ནས། ཐའེ་ཝན་ནི་འཛམ་གླིང་ནང་ཨུ་རུ་སུའི་རླངས་སྣུམ་མང་ཤོས་ཉོ་མཁན་ཞིག་ཏུ་གྱུར་འདུག
ཕྱོགས་གཞན་ཞིག་ནས། ཐའེ་ཝན་གྱིས་ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་ཁྲོད། ཡུག་རེན་ལ་རྒྱབ་སྐྱོར་ཡོད་པའི་སྐོར་ནན་བརྗོད་བྱེད་བཞིན་པ་མ་ཟད། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན། ཐའེ་ཝན་གྱི་ཕྱི་འབྲེལ་བློན་ཆེན་ལིན་ཅ་ལུང་(Lin Chia lung) གིས་པོ་ལན་ཌིའི་ནང་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་དེ། ཨུ་རུ་སུས་བཙན་འཛུལ་བྱས་པའི་རྐྱེན་གྱིས་གནོད་སྐྱོན་ཕོག་པའི་ཡུག་རེན་གྱི་བྱིས་པ་ཚོར་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
ཕྱི་ལོ་༢༠༢༢ ལོར་ར་ཤི་ཡས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དངོས་ཟོག་ཚོང་རྒྱུ་བཀག་སྡོམ་བྱས་པ་བཞིན། ཐའེ་ཝན་གྱིས་ཀྱང་སྔོན་ཐོན་གྱི་ཡོ་ཆས་ཁག་ཅིག་ར་ཤི་ཡའི་དམག་དོན་ལ་བེད་སྤྱོད་མི་ཡོང་ཆེད། ར་ཤི་ཡར་དངོས་ཟོག་ཚོང་རྒྱུར་ཚོད་འཛིན་བྱས། ཡིན་ཡང་། ར་ཤི་ཡས་ད་བར་དམག་འཁྲུག་མུ་མཐུད་རྒྱག་ཐུབ་པའི་རྒྱུ་རྐྱེན་གཅིག་ནི། ནུས་ཤུགས་(Energy) ཕྱིར་འདྲེན་ནམ་ཕྱིར་ཚོང་གི་ཁེ་བཟང་ལ་བརྟེན་ནས་བྱུང་ཞིང་། དཔེར་ན། ཕྱི་ལོ་༢༠༢༢ ཟླ་༢ པ་ནས་བཟུང་། ཐའེ་ཝན་གྱིས་ཨ་སྒོར་ཐེར་འབུམ་༤།༩ ཡིས་ར་ཤི་ཡའི་རླངས་སྣུམ་ཊོན་ས་ཡ་༦།༨ ཙམ་ཉོས་ཡོད་པ་དང་། དེ་ནི་ར་ཤི་ཡའི་ས་སྣུམ་ཐོན་རྫས་ཕྱིར་འདྲེན་གྱི་བརྒྱ་ཆ་༢༠ དང་མཚུངས་ཀྱི་ཡོད་འདུག
ཨ་རིའི་སྲིད་འཛིན་ཊོམ་གྱིས་ར་ཤི་ཡའི་ས་ནས་སྣུམ་དང་ནུས་ཤུགས་ཉོ་མཁན་གྱི་རྒྱལ་ཁབ་ཁག་ལ་ཉོ་མཚམས་འཇོག་དགོས་པའི་སྐུལ་མ་བྱས་ཡོད་པ་མ་ཟད། རྒྱ་གར་གྱིས་ར་ཤི་ཡའི་ས་ནས་སྣུམ་ཉོས་པའི་རྒྱུ་མཚན་གྱིས་རྒྱ་གར་གྱི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥ སྤར་ཡོད་འདུག ཡིན་ཡང་། ཐའེ་ཝན་ནི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ཆ་ར་ཤི་ཡའི་རླངས་སྣུམ་མང་ཤོས་ཉོ་མཁན་ཞིག་ཏུ་གྱུར་ཡོད་པས། སྲིད་འཛིན་ཊོམ་གྱིས་ཐའེ་ཝན་ལ་དཔལ་འབྱོར་ཉེས་ཆད་གཅོད་སྲིད་མིན་ཐོག་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་འདུག
ཐའེ་ཝན་ནི་འཛམ་གླིང་ཐོག་གློག་རྡུལ་འཕྲུལ་ཆས་(Semiconductor) བཟོ་རྒྱུ་ལ་མཁས་ཞིང་། འཛམ་གླིང་སྤྱིའི་གློག་རྡུལ་འཕྲུལ་ཆས་ཐོན་སྐྱེད་ཀྱི་བརྒྱ་ཆ་༦༠ ཙམ་ཐའེ་ཝན་ནས་ཐོན་གྱི་ཡོད་འདུག གློག་རྡུལ་འཕྲུལ་ཆས་དེ་ནི་ཐའེ་ཝན་གྱི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག ར་ཤི་ཡའི་ས་ནས་ཉོ་བཞིན་པའི་རླངས་སྣུམ་དེ་ཡང་གློག་རྡུལ་འཕྲུལ་ཆས་བཟོ་བར་དགོས་མཁོ་ཆེན་པོ་ཆགས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།