ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་ཆེད་ཆུ་འོག་ཏུ་འགྲོ་ཐུབ་པའི་དམག་གི་གྲུ་གཟིངས་ཤིག་བཟོས་འདུག

པར་ཡོངས་ཁུངས། སྦི་སྦི་སིའི་གསར་ལམ།
རྒྱ་ནག་གིས་གང་མགྱོགས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་མཐོང་བཞིན་པའི་སྐབས་འདིར། ཐེ་ཝན་གྱིས་ད་ཆར་རྒྱ་ནག་གིས་བཙན་འཛུལ་འགོག་ཐབས་དང་། བདེ་སྲུང་སྲ་བརྟན་ཡོང་ཆེད་མཚོ་འོག་ཏུ་རྒྱུན་གནས་ཐུབ་ཅིང་། མཚོ་འོག་ནས་གཏོར་རྒོལ་ཐུབ་པའི་དབྱིན་སྐད་ནང་(submarine)་ཟེར་བའི་དམག་གི་གྲུ་གཟིངས་གྲགས་ཅན་དེ་བཟོས་ཡོད་འདུག
ཕྱི་ཚེས་༢༨ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། གཟའ་མིག་དམར་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚ་ཡེང་ཝན་གྱིས་ཐེ་ཝན་གྱི་གྲོང་ཁྱེར་(Kaohsiung )ནང་གྲུ་གཟིངས་དེ་སྒོ་འབྱེད་བྱས་ཡོད་འདུག ཨ་རིའི་གཞུང་གི་ངོས་ནས་ཐེ་ཝན་ལ་རྒྱ་ནག་གིས་ལོ་འགའ་ཤས་ནང་ཚུན་ལ་བཙན་འཛུལ་བྱེད་སྲིད་པར་བརྗོད་པ་ལྟར། ད་ཆར་ཐེ་ཝན་གྱིས་རང་གི་བདེ་སྲུང་སྲ་བརྟན་ཡོང་ཆེད་དམག་གི་གྲུ་གཟིངས་ཤིག་བཟོས་ཡོད་འདུག ཐེ་ཝན་ལྟ་བུར་ཆ་མཚོན་ན་ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱིས་རང་བཙན་རྩོད་པ་དང་། རྒྱལ་ཁབ་གཞན་གྱིས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་སོགས་མི་ཆོག་པའི་ཉེན་བརྡ་ཡང་ཡང་གཏོང་གི་ཡོད་པའི་སྐབས་འདིར། ཐེ་ཝན་གྱིས་བདེ་སྲུང་ཆེད་དུ་ཨ་རི་གཙོས་པའི་རྒྱལ་ཁབ་གཞན་ནས་གོ་མཚོན་མང་པོ་ཉོས་པ་དང་། རང་གིས་བཟོས་པ་སོགས་བྱས་ནས་བདེ་སྲུང་གི་ནུས་པ་སྲ་བརྟན་ཡོང་ཐབས་བྱེད་བཞིན་ཡོད་འདུག དབུ་འབྱེད་མཛད་སྒོའི་སྐབས་སུ་སྲིད་འཛིན་ཚ་ཡེང་ཝན་གྱིས་བརྗོད་དོན་ལ། དེ་རིང་གི་ཉིན་མོ་དེ་ནི་ཐེ་ཝན་གྱི་ལོ་རྒྱུས་ནང་བརྗེད་ཐབས་མེད་པའི་དགའ་འོས་པའི་ཉིན་མོ་ཞིག་རེད་ཅེས་བརྗོད་ཡོད་འདུག་ལ། དེ་སྔོན་འདི་ལྟ་བུའི་དམག་གི་གྲུ་གཟིངས་ཤིག་བཟོ་རྒྱུ་ནི་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད་སྙམ་ཡང་ད་ཆར་མི་སྲིད་པ་དེ་སྲིད་པར་གྱུར་སོང་ཞེས་བརྗོད་འདུག
དམག་གི་གྲུ་གཟིངས་དེ་ལ་ཨ་སྒོར་ཐེར་འབུམ་༡་༥༤ བཏང་ཡོད་འདུག གྲུ་གཟིངས་དེ་ཐེ་ཝན་གྱི་མཚོ་དམག་ལ་ཕྱི་ལོ་༢༠༢༤ ནང་མཁོ་སྤྲོད་བྱེད་རྒྱུ་ཡིན་པར་ཐེ་ཝན་དམག་སྡེ་ལས་ཁུངས་ནས་བརྗོད་ཡོད་འདུག དམག་གི་གྲུ་གཟིངས་དེ་ལ་མིང་(Haikun)ཟེར་བའི་ཉ་ཞིག་གི་མིང་བཏགས་ཡོད་འདུག གྲུ་གཟིངས་དེའི་བཟོ་སྐྲུན་པའི་ཚོགས་པའི་འགོ་འཛིན་གྱིས་བརྗོད་དོན་ལ། གྲུ་གཟིངས་འདི་འདྲ་ཞིག་བཟོ་དགོས་དོན་ནི་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་འགོག་རྒོལ་ཆེད་དུ་ཡིན་པ་དང་། ཐེ་ཝན་ལ་རྒྱ་ནག་གིས་བཙན་འཛུལ་བྱས་ན་ཉི་ཧོང་དང་ཨ་རི་གཉིས་ཀྱིས་རོགས་རམ་བྱེད་ཀྱི་རེད་དེ། འོན་ཀྱང་། ཐེ་ཝན་རང་ངོས་ནས་བདེ་སྲུང་ཆེད་དུ་དམག་གི་གྲུ་གཟིངས་དེ་བཟོ་རྒྱུ་གལ་ཆེན་མཐོང་ནས་བཟོས་པ་ཡིན་ཞེས་བརྗོད་འདུག རྒྱ་ནག་གཞུང་གིས་གཞུང་འབྲེལ་ཐོག་ནས་ལན་གང་ཡང་བརྒྱབ་མི་འདུག་ཀྱང་། གོ་ལའི་དུས་བབ་ཟེར་བའི་ཐོག་ཐེ་ཝན་གྱིས་ད་ཆར་ཉིན་མོའི་རྨི་ལམ་གཏོང་ཞིག་ཡོད་རེད། འཆར་གཞི་དེ་དག་ནི་འཆར་སྣང་ཙམ་རེད། རྒྱ་ནག་གིས་ཐེ་ཝན་གླིང་ཕྲན་བསྐོར་ནས་དེ་ལྟ་བུའི་དམག་གི་གྲུ་གཟིངས་དུ་མ་གཏོར་ཐུབ་པའི་གོ་ལག་བཟོས་ཡོད་ཅེས་བཀོད་ཡོད་འདུག ཉམས་ཞིབ་པ་དག་གིས་བརྗོད་དོན་ལ་དམག་གི་གྲུ་གཟིངས་འདིས་ཐེ་ཝན་གྱི་བདེ་སྲུང་ལ་ནུས་པ་ཆེན་པོ་སྤྲོད་ཐུབ་པའི་གྲུ་གཟིངས་ཤིག་ཡིན་པར་བརྗོད་འདུག
ཐེ་ཝན་ལྟ་བུར་མཚོན་ན་དམག་གི་གྲུ་གཟིངས་(submarine)༡༠ ཡོད་པ་དང་། རྒྱ་ནག་ལ་མཚོན་ན་དམག་གི་གྲུ་གཟིངས་དེ་འདྲ་༦༠ ཙམ་ཡོད་འདུག དེ་བཞིན་ད་དུང་བཟོ་བཞིན་ཡོད་པར་ཡང་བརྗོད་འདུག འོན་ཀྱང་། ཐེ་ཝན་གྱིས་ད་དུང་གོ་མཚོན་འགོག་རྒོལ་ཆེད་དུ་གོ་མཚོན་མ་ལག་ནུས་ལྡན་དེ་འདྲ་ད་ཆར་བཟོ་ཐབས་བྱེད་བཞིན་ཡོད་འདུག ཐེ་ཝན་གྱི་བདེ་སྲུང་དང་བདེ་འཇགས་གནད་དོན་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཞིག་གིས་བརྗོད་དོན་ལ། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཚེ་ཐེ་ཝན་གྱི་ཉེ་འཁོར་ལ་ཡོད་པའི་གླིང་ཕྲན་རྣམས་རྡོག་གཅིག་ཏུ་བསྒྲིལ་ནས་བཙན་འཛུལ་གང་འདྲ་ཞིག་ཡིན་ཡང་འགོག་རྒོལ་བྱེད་ཀྱི་རེད་ཅེས་བརྗོད་འདུག ད་དུང་བརྗོད་དོན་ལ་རྒྱ་ནག་ལ་མཚོན་ན་དམག་གི་གྲུ་གཟིངས་(submarin)ཡིས་དམག་འཁྲུག་རྒྱག་རྒྱུ་ཞན་པོ་ཡོད་པར་བརྟེན། ཐེ་ཝན་གྱིས་ངེས་པར་དུ་ཤེས་དགོས་ཀྱི་རེད་ཟེར།
དེ་བཞིན་སེང་གྷ་པུར་རྒྱལ་ཁབ་ཀྱི་མཐོ་སློབ་ཀྱི་ཉམས་ཞིབ་པ་རྒན་པ་དང་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་(Drew Thompson)ཟེར་བ་དེ་ཡིས་བརྗོད་དོན་ལ། གལ་སྲིད་རྒྱ་ནག་དང་ཐེ་ཝན་བར་དམག་འཁྲུག་བྱུང་ཚེ་ཐེ་ཝན་གྱི་ཤར་ཕྱོགས་ནས་རྒྱག་གི་མ་རེད། རྒྱུ་མཚན་ནི་ཤར་ཕྱོགས་སུ་ཐེ་ཝན་གྱི་དམག་གི་གྲུ་གཟིངས་(submarin)ཡོད་པར་བརྟེན། དམག་གི་གྲུ་གཟིངས་དེའི་ནུས་པ་ཆེན་པོ་ཐོན་གྱི་ཡོད་པའི་རྐྱེན་གྱིས་ཁོང་ཚོ་ལ་ཞེད་སྣང་ཡོད་རེད། དེ་ལས་ཐེ་ཝན་གྱི་ནུབ་ཕྱོགས་ནས་འགོ་འཛུགས་སྲིད་པ་རེད། འོན་ཀྱང་། ཡག་ཤོས་ཤིག་ལ་ཐེ་ཝན་རང་གིས་དམག་གི་གྲུ་གཟིངས་འདི་ཐེངས་དང་པོ་ནས་བཟོ་ཐུབ་ཡོད་པ་རེད་ཅེས་བརྗོད་འདུག ད་དུང་ཁོང་གིས་བརྗོད་དོན་ལ་དམག་གི་གྲུ་གཟིངས་དེའི་ནང་ཨ་རིས་བཟོས་པའི་བདེ་སྲུང་གི་གོ་ལག་འཁུར་རྒྱུ་ཡིན་པ་དང་། ཨ་རི་ནི་ཐེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་གཙོ་བོ་དེ་རེད་ལ། དེའི་རྗེས་དབྱིན་ཡུལ་གྱིས་གོ་ལག་རོགས་རམ་སྤྲོད་རྒྱུ་རེད་ཅེས་བརྗོད་འདུག
(Adm Huang)་ཟེར་བའི་ཐེ་ཝན་གྱི་མཚོ་དམག་གི་དམག་དཔོན་ཞིག་གིས་བརྗོད་དོན་ལ་ང་རང་སྒེར་གྱི་ངོས་ནས་ཨ་རི་དང་། ཉི་ཧོང་། ལྷོ་ཀོ་རེ་ཡ། རྒྱ་གར་བཅས་ཀྱི་དམག་སྡེ་རྣམས་ལ་འབྲེལ་བ་བྱས་ནས་རོགས་རམ་བྱེད་རོགས་བརྗོད་ཡོད་ཀྱང་། མཐའ་མར་རྒྱལ་ཁབ་སུས་ཀྱང་ཁས་ལེན་བྱས་མ་སོང་ཞེས་བརྗོད་ཡོད་འདུག ཉེ་ཆར་ཡང་རྒྱ་ནག་གིས་དམག་གི་གནམ་གྲུ་དུ་མ་ཞིག་ཐེ་ཝན་གྱི་བར་སྣང་གི་མཚམས་ཐིག་ལས་བརྒལ་ནས་འཛུལ་ཡོད་པར་བརྟེན། ཐེ་ཝན་ལ་ཉེན་ཁ་ཆེན་པོ་ཡིན་འདུག ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བརྗོད་དོན་ལ་རྒྱ་ནག་གིས་ཐེ་ཝན་ལ་ཕྱི་ལོ་༢༠༢༧ ལོར་བཙན་འཛུལ་བྱེད་སྲིད་པ་དང་རྒྱུ་མཚན་ནི་རྒྱ་ནག་ལ་བཙན་འཛུལ་ཐུབ་པའི་ནུས་པ་ལྡན་པ་རེད་ཟེར། འོན་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་(CIA )ཡི་འགན་འཛིན་གྱིས་(William Burns)བརྗོད་དོན་ལ། ཞི་ཅིན་ཕིང་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་ལེགས་གྲུབ་ཡོང་མིན་ཐེ་ཚོམ་ཡོད་པར་བརྟེན། བཙན་འཛུལ་བྱེད་རྒྱུ་ཁག་པོ་རེད་ཅེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།