ཐེ་ལན་ཌར་མང་གཙོའི་ལས་འགུལ་འགོག་ཆེད་དུ་ཛ་དྲག་བཀའ་ཁྱབ་བཏང་འདུག 

ཐེ་ལན་ཌའི་ནང་གཞོན་སྐྱེས་ཀྱིས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། དེ་བཞིན་ཐེངས་དང་པོར་ངོ་རྒོལ་བ་ཚོས་རྒྱལ་པོའི་རིང་ལུགས་ཀྱི་དབང་ཚད་ཆུང་དུ་གཏོང་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པས། ལས་འགུལ་གྱི་ནུས་པ་འགོག་ཆེད་དུ་མི་༤ ལས་མང་བ་འཛོམས་མི་ཆོག་པའི་ཛ་དྲག་བཀའ་ཁྱབ་བཏང་འདུག 

ཟླ་༡༠ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐེ་ལན་ཌའི་ནང་ན་གཞོན་ཚོས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ནང་དུ། རྒྱལ་ཁབ་དེའི་སྲིད་བློན་རྩ་དགོངས་ཞུ་དགོས་པ་དང་། རྒྱལ་པོའི་རིང་ལུགས་ཀྱི་དབང་ཚད་ཆུང་དུ་གཏོང་དགོས་པ། བཅའ་ཁྲིམས་བསྐྱར་བཅོས་དགོས་པ། གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་བསུན་གཙེར་བཟོ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་ཐོག ཟླ་༧ པ་ནས་བཟུང་འཆར་ཅན་ངོ་རྒོལ་ལས་འགུལ་སྤེལ་འགོ་བཙུགས་ཡོད་འདུག 

ཉེ་བའི་ཆར་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེ་རུ་སོང་བ་མ་ཟད། ཐེ་ལན་ཌའི་ནང་རྒྱལ་པོར་སྐྱོན་བརྗོད་རིགས་གང་ཡང་བྱེད་ཆོག་གི་མེད་པ་དང་། དེ་ལྟར་བྱས་ཚེ་ལོ་མང་གི་བཙོན་འཇུག་ཁྲིམས་ཆད་འཕོག་རྒྱུ་ཡིན་ཡང་། ངོ་རྒོལ་བ་ཚོས་རྒྱལ་པོ་རིང་ལུགས་རྩ་མེད་གཏོང་དགོས་དོན་མེད་ཀྱང་དབང་ཚད་ལ་བསྐྱར་བཅོས་བྱེད་དགོས་པའི་དགོས་འདུན་དང་། ཏོག་དབྱིབས་ནད་དུག་སྐབས་སུ་རྒྱལ་པོ་ཡུ་རོབ་ཏུ་གནས་སྡོད་བྱས་ནས་བསྡད་པར་སྐྱོན་བརྗོད་བྱེད་མཁན་ཡང་ཡོད་འདུག ད་བར་རྒྱལ་པོའི་རིང་ལུགས་ལ་ཁ་གཏད་གཅོག་པའི་ལས་འགུལ་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་།  དེ་བཞིན་ཉེ་ཆར་རྒྱལ་པོ་དང་རྒྱལ་མོ་ཐེ་ལན་དུ་ཕྱིར་སླེབས་ཡོད་འདུག་པས། ཚེས་༡༣ ཉིན་དུ་ངོ་རྒོལ་བ་མང་པོས་རྒྱལ་པོ་དང་རྒྱལ་མོའི་ཕེབས་གྲུར་ངོ་རྒོལ་ལས་འགུལ་སྤེལ་བ་སོགས་བྱས་ཡོད་ཁར། ཉིན་དེར་ངོ་རྒོལ་བ་སྟོང་ཕྲག་མང་པོས་ཉེན་རྟོག་པའི་ར་བ་བརྒལ་ནས་སྲིད་བློན་གྱི་ལས་ཁུངས་ཕྱི་ལ་སྒར་བརྒྱབ་ནས་བསྡད་འདུག

དེ་ཡང་ད་ཡོད་ལས་ཁུར་སྲིད་བློན་དེ་ནི་དམག་དཔོན་ཞིག་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༤ ལོར་གཞུང་ལ་གྱེན་ལངས་སྐབས་ཁོས་དབང་ཆ་བཟུང་ཡོད་འདུག ལོ་སྔོན་མར་རྩོད་རྙོག་ཆེ་བའི་འོས་བསྡུར་སྲིད་བློན་འདེམས་ཐོན་བྱུང་འདུག རྗེས་སུ་གཞོན་སྐྱེས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་ཡུལ་མང་གཙོ་རྒྱབ་སྐྱོར་བའི་སྲིད་དོན་ཚོགས་པ་ཞིག་ལ། ཁྲིམས་ཁང་ནས་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག དེ་བཞིན་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ལས་འགུལ་བ་ཚོར་བསུན་གཙེར་བཟོས་པ་དང་། གཅིག་གར་སོང་ཆ་མེད་འགྱུར་བ་སོགས་ལ་བརྟེན་ནས། ངོ་རྒོལ་བ་ཚོས་སྲིད་བློན་ཡང་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་འདུག 

ཚེས་༡༤ ཉིན་ཐེ་ལན་ཌ་གཞུང་གིས་ཛ་དྲག་གི་བཀའ་ཁྱབ་གཅིག་བཏང་ནས། ངོ་རྒོལ་བ་ཚོས་ཟིང་འཁྲུག་དང་རྩོད་རྙོག་སློང་བའི་དམིགས་ཡུལ་བཅང་ཡོད་པ་དང་། རྒྱལ་པོའི་ཕེབས་གྲུར་འགོག་རྐྱེན་བཟོས་ཡོད་སྐོར་བརྗོད་ནས། མི་༤ ལས་མང་བ་འདུ་འཛོམས་བྱེད་ཆོག་གི་མེད་པ་དང་། གསར་འགྱུར་བརྒྱུད་ལམ་ཚོས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཞི་བདེ། བརྟན་ལྷིང་ལ་གནོད་པའི་མི་མང་ནང་ཞེད་སྣང་སློང་སྲིད་པའི་གནས་ཚུལ་དང་། གནས་ཚུལ་རྫུན་བཟོ། གོ་ནོར་ཐེབས་པའི་གནས་ཚུལ་སོགས་སྤེལ་ཆོག་གི་མེད་པ་བཟོས་ཡོད་འདུག 

ཛ་དྲག་གི་བཀའ་ཁྱབ་གསལ་བསྒྲགས་བྱས་ཟིན་ནས་ཡུན་རིང་མ་འགོར་བར། ཉེན་རྟོག་པས་སྲིད་བློན་ལས་ཁུངས་ཀྱི་ཕྱི་རུ་ཡོད་པའི་ངོ་རྒོལ་བ་རྣམས་ཕྱིར་འབུད་བཏང་ཡོད་འདུག ཉེན་རྟོག་པས་ལས་འགུལ་བ་༢༠ འཛིན་བཟུང་བྱས་ཡོད་སྐོར་བརྗོད་པ་ལས། དེ་དག་མིང་འདོན་བྱས་མེད་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་རྟོག་པས་གཞོན་སྐྱེས་ལས་འགུལ་འགོ་ཁྲིད་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཟིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།