ཐེ་ལན་ཌིིའི་འོས་བསྡུར་གྲུབ་འབྲས་དང་མ་འོངས་པའི་སྲིད་དོན་ཁྲོད་དམག་མིའི་ཐེ་གཏོགས་འགོག་ཐབས།
ཉེ་ཆར་ལྷོ་ཨི་ཤེ་ཡའི་རྒྱལ་ཁབ་ཐེ་ལན་ཌིའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཡོད་པ་དང། མ་འོངས་པ་ཐེ་ལན་ཌིའི་ཆབ་སྲིད་ཁྲོད་དམག་མིའི་ཤུགས་རྐྱེན་འགོག་ཐབས་བྱེད་རྒྱུར་མི་མང་གིས་གཞུང་འཛིན་ཚོགས་པ་གསར་པར་རེ་བ་ཆེན་པོ་རྒྱག་བཞིན་ཡོད་འདུག

ཟླ་འདིའི་ཚེས་༣༠ ཉིན་སྦི་སྦི་སི་གསར་ཁང་གིས་ཉེ་བའི་ཆར་ཐེ་ལན་ཌིའི་འོས་བསྡུ་དང་འབྲེལ་བའི་ཐེ་ལན་ཌིའི་ཆབ་སྲིད་འགྱུར་འགྲོས་སྐོར་བརྗོད་དོན་ལྟར་ན། དེ་སྔོན་ཐེ་ལན་ཌིའི་རྒྱལ་ཁབ་ནང་བློན་ཆེན་མང་ཆེ་བ་དགུང་ལོ་༦༥ དང་༦༥ ཡན་ཡིན་པ་དང། མི་མང་གིས་ཀྱང་ལོ་རྒན་པར་དགའ་མོས་བྱེད་སྲོལ་ཡོད་ཀྱང། ཐེངས་འདིའི་འོས་བསྡུའི་ནང་ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པར་བརྟེན། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ནི་པི་ཌ་ལི་མོ་ཇི་ར་ན་ཌ་( Pita limjaroenrat)ཟེར་བ་ཁོང་ཡིན་པ་དང། ཁོང་ནི་ད་ལོ་དགུང་ལོ་༤༢ ཡིན་པས། ཁོང་གིས་མ་འོངས་པ་བློན་ཆེན་རྣམས་ཁོ་རང་ཉིད་ལས་དགུང་ལོ་ཆུང་བ་ཡོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག་ལ། གྲོས་ཚོགས་འཐུས་མིའི་ཁྲོད་ལ་ཡང་མི་རབས་གཞོན་པ་གང་མང་ཡོང་ནས་ཐེ་ལན་ཌིའི་ཆབ་སྲིད་ནང་འགྱུར་བ་ཞིག་ཡོང་རྒྱུར་རེ་བ་བྱེད་བཞིན་ཡོད་འདུག ཐེངས་འདིའི་འོས་བསྡུའི་ཁྲོད་མདུན་སྐྱོད་སྲིད་དོན་ཚོགས་པའམ( Move Forward Party)ཟེར་བ་དེ་སྲིད་དོན་ཚོགས་པ་ཀུན་ལས་འོས་གྲངས་མང་ཤོས་ཐོབ་ཡོད་པར་བརྟེན། མདུན་སྐྱོན་སྲིད་དོན་ཚོགས་པའི་འགོ་ཁྲིད་པི་ཌ་ཁོང་སྲིད་བློན་ཆགས་རྒྱུ་ཡིན་པ་དང། ཁོང་ནི་མི་ལོ་༧༨ རིང་གི་སྲིད་བློན་ཁྲོད་ནས་དགུང་ལོ་ཆུང་ཤོས་ཀྱི་སྲིད་བློན་དེ་ཆགས་རྒྱུ་ཡིན་འདུག

ཐེངས་འདིའི་འོས་བསྡུའི་ཁྲོད་མདུན་སྐྱོད་སྲིད་དོན་ཚོགས་པར་འོས་གྲངས་༥༠༠ ལས་༡༥༡ ཐོབ་ཡོད་ཀྱང། མདུན་སྐྱོད་སྲིད་དོན་ཚོགས་པ་གཅིག་པུས་གཞུང་འཛིན་ཐུབ་པའི་འོས་གྲངས་ཚད་ལོངས་མེད་པར་བརྟེན། མ་འོངས་པ་སྲིད་དོན་ཚོགས་པ་བརྒྱད་མཉམ་འབྲེལ་ཐོག་ནས་གཞུང་འཛིན་རྒྱུའི་འཆར་གཞི་ཡོད་འདུག འདས་པའི་ལོ་མང་རིང་ཐེ་ལན་ཌིའི་སྲིད་དོན་ཁྲོད་དམག་མིའི་ཐེ་གཏོགས་ཤུགས་ཆེན་བྱས་ཡོད་པ་དང། ད་ཆར་མི་མང་གིས་དམག་མིའི་ཐེ་གཏོགས་མེད་པའི་དམངས་གཙོ་ཚད་ལྡན་ཞིག་ཡོང་ཐབས་བྱེད་བཞིན་ཡོད་འདུག མདུན་སྐྱོད་སྲིད་དོན་ཚོགས་པར་ཐེངས་འདིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་མ་འོངས་པ་ཐེ་ལན་ཌིའི་སྲིད་དོན་ཁྲོད་དམག་མིའི་ཐེ་གཏོགས་ལ་བཀག་འགོག་བྱེད་རྒྱུ་དང། ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུ་གཙོ་བོ་གྱུར་པའི་ཤེས་ཡོན་སྲིད་བྱུས་དང། དཔལ་འབྱོར་སྲིད་བྱུས་སོགས་ཀྱི་ལས་འཆར་ཡག་པོ་མང་པོ་ཞིག་ཡོད་པས་མི་མང་ཁྲོད་མདུན་སྐྱོད་སྲིད་དོན་ཚོགས་པའི་ལས་འཆར་དག་ད་བར་ལོ་རྒྱུས་ནང་ལས་འཆར་ཡག་ཤོས་ཤིག་ཡིན་ཚུལ་བཤད་བཞིན་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ཐེངས་འདིའི་འོས་བསྡུའི་ཁྲོད་མི་མང་གིས་རྒྱབ་སྐྱོར་ཆེན་པོ་བྱས་ནས་འོས་བླུགས་ཡོད་འདུག མདུན་སྐྱོད་སྲིད་དོན་ཚོགས་པའི་འགོ་ཁྲིད་པི་ཌ་ལགས་ལྟ་བུར་མཚོན་ན་ཐེ་ལན་ཌིའི་འབྱོར་ལྡན་ཁྱིམ་ཚང་ཞིག་ནང་སྐྱེས་པ་ཞིག་ཡིན་ཞིང་། ཁོང་ཆུང་ཆུང་སྐབས་ནས་ནེའུ་ཛེ་ལན་ཌི་ནང་སློབ་གྲྭར་བཏང་ཡོད་འདུག དེ་ནས་གཙུག་ལག་རབ་འབྱམས་པ་དེ་ཨ་རིའི་( Harvard Universty)ཧག་ཝོ་ཌི་གཙུག་ལག་སློབ་ཆེན་ནང་ཐོན་ནས། ད་ཆར་ཁོང་ནི་སྲིད་དོན་པ་དང་ཚོང་པ་གཉིས་ཀ་ཡིན་ཞིང། ཕྱི་ལོ་༢༠༢༠ ལོར་ཁོང་མདུན་སྐྱོད་སྲིད་དོན་ཚོགས་པའི་འགོ་ཁྲིད་ལ་འདེམས་ཐོན་བྱུང་ཡོད་འདུག ཁོང་ནི་ན་གཞོན་འཇོན་ནུས་ཅན་ཞིག་དང། ཕུགས་བསམ་ཅན་ཞིག་ཡིན་པས་ཁོང་གིས་ཐེ་ལན་ཌིའི་སྲིད་དོན་ཁྲོད་དམག་མི་དང་རྒྱལ་པོའི་སྲིད་དོན་ནང་ཐེ་གཏོགས་བྱེད་རྒྱུ་གཉིས་ཀྱི་ཐད་ལ་འགྱུར་བ་ཆེན་པོ་ཞིག་གཏོང་འདོད་ཡོད་ཀྱང། དེ་སྔོན་རྩ་ཁྲིམས་བསྐྱར་བཅོས་བྱས་ནས་རྒྱལ་པོ་ལ་སྐྱོན་བརྗོད་བྱེད་པ་དང། འགོག་རྐྱེན་བཟོ་བ། རྒྱལ་པོ་དང་མི་མང་བར་མི་མཐུན་པ་བཟོ་བ་སོགས་བྱུང་ཚེ་ཁྲིམས་ཐོག་ནས་ཉེས་ཆད་ཆེན་པོ་ཕོག་གི་ཡོད་འདུག་ལ། ཚེ་བཙོན་ཡང་ཕོག་གི་ཡོད་པས་དེ་དག་ལ་ཐེ་བྱུས་བྱེད་རྒྱུ་ཧ་ཅང་གིས་ཁག་པོ་ཡིན་འདུག
དེ་སྔོན་དམག་མིས་ཐེ་ལན་ཌིའི་གཞུང་འཛིན་པའི་སྐབས་དམག་དཔོན་ཟུར་པ་སྲིད་བློན་པེར་ཡ་ཐ་ཆན་ཨོ་ (Prayuth Chan-och) སྐབས་དེ་དུས་ཐེ་ལན་ཌིའི་ཕྱི་འབྲེལ་སྲིད་བྱུས་ཡག་པོ་ཞིག་བཟུང་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཐེ་ལན་ཌིའི་སྲིད་དོན་ནང་དམག་གིས་ཐེ་གཏོགས་བྱས་པ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་ཡག་པོ་བཞག་ཐུབ་མེད་པར་བརྟེན། མ་འོངས་པ་ཕྱི་འབྲེལ་སྲིད་བྱུས་བསྐྱར་གསོ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་ཡག་པོ་གཞག་རྒྱུ་གལ་ཆེན་ཡིན་པ་མདུན་སྐྱོད་སྲིད་དོན་ཚོགས་པའི་འགོ་ཁྲིད་པི་ཌ་ལགས་ཀྱིས་གསུངས་ཡོད་པ་དང། ཁོང་གིས་ད་དུང་གསུངས་དོན་ལ་ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ལམ་ཡག་པོ་གཞག་རྒྱུ་གལ་ཆེན་ཆགས་ཡོད། ང་ཚོའི་དཔལ་འབྱོར་གྱི་དཀའ་ངལ་དང། མཁའ་རླུང་འབག་བཙོག་གི་དཀའ་ངལ། རྫས་ལུད་སོགས་ཀྱི་དཀའ་ངལ་འཕྲད་པའི་སྐབས་སུ་རོགས་རམ་མང་ཆེ་བ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོང་གི་ཡོད་པ་དང། དམིགས་བསལ་ངས་མ་འོངས་པ་ལྷོ་ཤར་ཨི་ཤེ་ཡའི་ལྷན་ཚོགས་དང་འབྲེལ་བ་དམ་ཟབ་བཞག་ནས་ཁྱིམ་མཚེས་རྒྱལ་ཁབ་འབར་མའི་ནང་འབྱུང་བཞིན་པའི་ནང་འཁྲུག་མཚམས་འཇོག་ཡོང་ཐབས་ལ་འབད་རྒྱུ་དང། འབར་མ་དང་ཐེ་ལན་ཌིའི་ས་མཚམས་སུ་ཡོད་པའི་འབར་མའི་མི་མང་ལ་རོགས་རམ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།