དཀྲོག་གཏམ་རྒྱབ་ཀྱི་གྲིབ་གཟུགས།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེེངས་ ༩༧༠)

མིའི་སྤྱི་ཚོགས་ནི་སེམས་ཅན་གཞན་ལས་རྟོག་དཔྱོད་དང་ཞིབ་འཇུག་གིས་བླང་དོར་བྱེད་ཐུབ་མཁན་ཞིག་ཡིན་པ་དང་། རྟོག་དཔྱོད་དང་ཞིབ་འཇུག་སྣ་ཚོགས་ལ་བརྟེན་ད་ལྟའི་དུས་འདིར་གོ་ལ་ཧྲིལ་པོར་ཉེན་ཁར་ཚུད་ནས། སེམས་འཚབ་དང་གདོང་ལེན་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་ཀྱང་མིག་མདུན་དུ་སླེབས་ཡོད། སེམས་ཅན་གཞན་དག་གིས་གོ་ལ་འཐོར་ཞིག་ཏུ་འགྲོ་བའི་ལས་ངན་བརྩམས་པ་ཞིག་གང་ཡང་མེད་པས། དོན་དངོས་སུ་རྣམ་དཔྱོད་ཡོད་མེད་ཀྱི་ཐོག་ནས་གོ་ལ་ཧྲིལ་པོ་ལ་ཕན་གནོད་ག་རེ་ཡོད་མེད་ཁ་ཚོན་བཅད་ནས་བཤད་དཀའ། ཡང་ཆོས་ཕྱོགས་ནས་བཤད་ན་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ལ་བརྟེན་ནས་རང་ཉིད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་པ་དང་། མཁའ་ཁྱབ་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་ནུས་པ་དངོས་སུ་ཡོད་པ་སོགས་ཀྱིས་མི་ནི་སྲོག་ལྡན་སེམས་ཅན་གཞན་ལས་ཁྱད་དུ་འཕགས་ཤིང་། འཇིག་རྟེན་སྤྱི་ཡོངས་ལ་ཕན་པའི་རྒྱུ་མཚན་ཡང་ཧ་ཅང་མང་པོ་ཞིག་བགྲང་རྒྱུ་ཡོད།

མི་ལ་སློབ་གསོ་རྒྱག་སྐབས་གཅན་གཟན་དང་དུད་འགྲོ་དཔེ་ལ་འཇོག་སྲོལ་ཡོད་ཅིང་། དཔེར་ན་གཡམ་རྒྱུག་དང་དཀྲོག་གཏམ་ལ་མགོ་འཁོར་མི་རུང་བའི་དཔེ་རུ་རི་བོང་ཅལ་འདྲོགས་ཀྱི་སྒྲུང་ཤོད་སྲོལ་ཡོད། དོན་དངོས་སུ་མིའི་སྤྱི་ཚོགས་ཀྱང་དཀྲོག་གཏམ་དང་གཡམ་རྒྱུག་ལ་ཧ་ཅང་དགའ་ཞིང་། དོན་དངོས་རི་བོང་ཅལ་འདྲོགས་ཀྱི་ལོ་རྒྱུས་དང་མཚུངས་པའི་གནས་ཚུལ་མང་པོ་ཞིག་མཐོང་རྒྱུ་ཡོད། ༧གོང་ས་མཆོག་གི་ཡུ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་གྱིས་བཀའ་སློབ་ཅིག་ཏུ་གཞིས་ཆགས་ཁག་ལ་སྐྱོད་སྐབས་བརྒྱ་ཆ་༨༠ དཀྲོག་གཏམ་འབའ་ཞིག་རེད་འདུག་ཅེས་གསུངས་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་འདུག་པ་བཞིན། སྔོན་མ་གཞིས་ཆགས་ཁག་གཅིག་པུ་དེ་ལྟ་བུ་དང་། ས་གནས་གཞན་དེ་ལས་དྲག་པའི་གནས་ཚུལ་ཡོད་སྲིད་ཀྱང་། ད་ལྟའི་ཆར་སྤྱི་ཚོགས་ཁྱོན་ཡོངས་ནས་དེ་ལྟར་འགྱུར་བཞིན་པའི་གནས་ཚུལ་མཐོང་རྒྱུ་ཡོད་པས། གནད་དོན་རེ་ཟུང་གི་ཐོག་ནས་མི་དང་དུད་འགྲོ་གཉིས་ལ་ཁྱད་པར་མེད་པ་ལྟ་བུར་གྱུར་མེད་དམ་སྙམ།

མང་པོ་ཞིག་གིས་སྔོན་མ་དང་མི་འདྲ་བར་ད་ལྟ་དྲ་རྒྱའི་དུས་རབས་སུ་གནས་ཚུལ་ཆ་ཚང་ཕྱི་གསལ་ནང་གསལ་ཡིན་པས། མི་ཚང་མར་ཤེས་རྟོགས་ཟབ་མོ་ཡོད་ཚུལ་རྗོད་བཞིན་ཡོད་ཀྱང་། དོན་དངོས་སུ་བཅད་གཏུབ་བྱས་པའི་བརྙན་ཐུང་མང་པོ་ཞིག་འགྲོ་བཞིན་པ་དག་དང་། དེ་ལ་འདོད་ཕྱོགས་མི་འདྲ་བ་སོ་སོས་འགྲེལ་བཤད་སྣ་ཚོགས་ཤིག་བརྒྱབ་ནས་བཀྲམ་ཡོང་བ་དག་མི་ཕལ་ཆེ་བས་ཚད་མར་བཟུང་ནས་དགའ་སྡུག་གི་རྣམ་འགྱུར་སྟོན་བཞིན་ཡོད་པ་ལས། དེའི་རྒྱབ་ལོགས་ཀྱི་གནས་ཚུལ་དང་རྒྱུ་རྐྱེན་བཅས་མགོ་མཇུག་ཚང་མ་ལ་དོ་སྣང་བྱེད་མཁན་ཧ་ཅང་དཀོན་པས། སྔོན་མ་ངག་ཐོག་གི་དཀྲོག་གཏམ་ཙམ་ལས་སྒྲ་དང་བརྙན། པར་སོགས་དངོས་སུ་ཁུངས་སྐྱེལ་དམིགས་བསལ་མེད་པས་དེ་ཙམ་ཡིད་ཆེས་བྱེད་དཀའ་ཡང་། དེང་སྐབས་བཅད་གཏུབ་བྱས་པའི་བརྙན་ཐུང་དེ་དག་དངོས་སུ་མཐོང་བས། གནས་ཚུལ་དེའི་མགོ་མཇུག་བར་གསུམ་ཆ་ཚང་ལ་རྟོག་དཔྱོད་དང་ཞིབ་འཇུག་གང་ཡང་མེད་པར། རང་ངོས་ནས་འདོད་ཕྱོགས་གང་ཡིན་ལ་ཡིད་ཆེས་བྱེད་རྐྱང་ལྟ་བུར་གྱུར་ཟིན། 

རྒྱུ་མཚན་དེའི་ཐོག་ནས་བལྟས་ན་སྔོན་མ་དྲ་རྒྱ་མ་དར་བའི་སྔོན་དང་། ད་ལྟ་དྲ་རྒྱའི་དུས་རབས་གཉིས་ཀྱི་དཀྲོག་གཏམ་ལ་ཤུགས་རྐྱེན་དང་གནོན་སྐྱོན་ཆེ་ཆུང་བསྡུར་ཐབས་གཏན་ནས་མེད་པར། ད་ལྟའི་ཆར་ཆེ་ས་ནས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར་དཀྲོག་གཏམ་ལ་བརྟེན་ནས་དམག་འཁྲུག་ཤོར་བ་དང་། ཆུང་ས་ནས་རྒྱལ་ཁབ་སོ་སོའི་འོས་བསྡུའི་སྐབས་སུ་དཀྲོག་གཏམ་ལ་བརྟེན་ནས་འོས་ཤོག་ཐོབ་ཤོར་གྱི་རྒྱལ་ཁ་རྩོད་བཞིན་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ནའང་དཀྲོག་གཏམ་གྱི་རིགས་མི་འདྲ་བ་ཆ་ཚང་དར་ཁྱབ་བྱུང་ཡོད་པ་ལྟ་བུར་གྱུར་ཡོད་ལ། དེ་རིང་གནས་ཚུལ་ཆུང་ཙག་ཙམ་རེ་བྱུང་བར། པར་འདྲ་མིན་དང་། བརྙན་ཐུང་འདྲ་མིན་སྣ་ཚོགས་བཟོས་ནས་འགྲེམས་སྤེལ་བྱེད་མཁན་དག་ནི། རྣམ་པ་ཕྱོགས་སོ་སོའི་རྒྱབ་སྐྱོར་བ་ཡིན་པ་ལྟ་བུ་ཡོད་ཀྱང་། དོན་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་དཀྲུག་ཆེད་རྒྱ་དམར་གཞུང་གིས་ཆེད་དུ་འགྲོ་སོང་བཏང་ནས་གསོ་སྐྱོང་བྱས་པའི་མི་སྣ་དག་གིས་དུས་ཚོད་བཏང་ནས་དཀྲོག་གཏམ་བཟོ་བཞིན་ཡོད། 

མདོར་ན་བཙན་བྱོལ་ནང་དཀྲོག་གཏམ་སྣ་ཚོགས་ལ་བརྟེན་ནས་གནོད་སྐྱོན་ཆེན་པོ་གཏོང་བཞིན་ཡོད། ད་ལྟ་སྤྱི་ཚོགས་ནང་གི་གནས་ཚུལ་ལ་བལྟས་ན་ཤོག་ཁག་གི་རྣམ་པ་ཤུགས་ཆེན་པོ་ཡོད་ཀྱང་། དོན་དུ་དཀྲོག་གཏམ་དེ་དག་གི་རྒྱབ་ལོགས་སུ་མི་མངོན་པའི་གྲིབ་གཟུགས་ནག་པོ་རེ་ཡོད་པ་རྒྱ་དམར་གཞུང་ཡིན་པ་ནི་ཕྱོགས་གང་ནས་བལྟས་ཀྱང་གསལ་པོ་རེད། མི་མང་པོ་ཞིག་གྲོས་ཚོགས་ནང་གི་གནས་ཚུལ་ལ་བརྟེན་ནས་ཚོར་བ་སྣ་ཚོགས་ཡོང་མཁན་ཡོད་ཀྱང་། ཆབ་སྲིད་ཀྱི་ར་བའི་ནང་དུས་རྒྱུན་ཡང་ཡང་བཤད་དགོས་ཀྱང་བསྒྲུབ་མི་རུང་བ་དང་། དུས་རྒྱུན་ཡང་ཡང་བསྒྲུབ་དགོས་ཀྱང་བཤད་མི་རུང་བའི་གནས་ཚུལ་སྣ་ཚོགས་ཡོད་པ་ནི་ཆབ་སྲིད་ལག་ལེན་གྱི་སྤྱི་སྲོལ་ལྟ་བུར་གྱུར་ཟིན་པས། ལྟ་གྲུབ་དང་གནས་ལུགས་འབའ་ཞིག་བཤད་མཁན་དག་ཀྱང་ཆབ་སྲིད་ནང་ཞུགས་ནས་ལག་ལེན་སྐབས་གོང་གསལ་གྱི་བཀག་རྒྱ་འདི་ལས་འདའ་ཐུབ་མཁན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་བྱུང་མེད་ལ། རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུའང་ཕལ་ཆེར་ཁག་པོ་ཡིན་རྒྱུ་རེད།།