དཔལ་ལྡན་སྲིད་སྐྱོང་གིས་ཅི་ཀ་གྷོ་ཁུལ་དང་ཝི་སི་ཀོན་སིན་ས་གནས་བོད་མི་ཚོ་ལ་མཇལ་མོལ་གནང་འདུག

ཟླ་འདིའི་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཝིས་ཀོན་སིན་རི་དྭགས་དགའ་ཚལ་གླིང་དགོན་པའི་(Deer Park Monastery) ཚོགས་ཁང་དུ་སློབ་གྲྭར་བསྐྱོད་བཞིན་པའི་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་གླེང་མོལ་གནང་ཡོད་འདུག

སྐབས་དེར་ལྡན་སྲིད་སྐྱོང་ས་གནས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་སྐབས།  མ་འོངས་བོད་ཀྱི་བདག་པོ་ཡིན་པའི་བོད་རིགས་གཞོན་སྐྱེས་དང་མཉམ་དུ་མཇལ་མོལ་གྱི་མཛད་རིམ་སྒྲིག་དགོས་དོན་གཙོ་བོ་ནི།  བོད་རིགས་གཞོན་སྐྱེས་ཚོས་ཕྱི་མི་རྣམས་ལ་བོད་སྐོར་འགྲེལ་བརྗོད་བྱེད་སྐབས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་།  བོད་རིགས་གཞོན་སྐྱེས་ཚོའི་བོད་སྐོར་གྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་ཡིན་ཞེས་དང་། དེ་བཞིན་ཁོང་གིས་བོད་གངས་ཅན་ལྗོངས་ཀྱི་ས་བབ་ཆགས་ཚུལ་དང་།  བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གནས་སྟངས།  བོད་ཀྱི་ལོ་རྒྱུས་གནས་བབ།  རྒྱ་གར་ནས་བོད་དུ་ནང་ཆོས་དར་ཚུལ།  ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་མ་ཐག་གི་འཕགས་བོད་འབྲེལ་བ།  ཨ་རི་དང་བོད་དབར་གྱི་ལོ་རྒྱུས་འབྲེལ་བ།  ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་ཨ་རིའི་ནང་བོད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་ཇི་ལྟར་བྱུང་བའི་འཕེལ་རིམ་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་འདུག་ལ། དེ་བཞིན་བོད་དོན་ཞུ་གཏུག་ལས་འགུལ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པར་བརྟེན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ལོ་ལྟར་གོ་སྒྲིག་གནང་གི་ཡོད་པའི་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད་འདུག

ཉིན་རྒྱབ་ཅི་ཀ་གྷོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་དང་རྒྱུན་ལས་ཀྱི་སྣེ་ལེན་ཕེབས་རོགས་འོག་ཝིས་ཀོན་སིན་ནས་ཅི་ཀ་གྷོར་ཕེབས་ཐོན་གནང་། ཕྱི་དྲོ་ས་གནས་ཀྱི་སྤྱི་ཁང་དུ་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་དང་མང་ཚོགས་བཅས་ལ་བཀའ་མོལ་གནང་ཡོད་འདུག

སྐབས་དེར་སྲིད་སྐྱོང་གིས་ ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་།  གཞིས་ལུས་མི་མང་གི་བློས་གཏོང་།  བཙན་བྱོལ་ནང་མི་རབས་རྒན་པ་རྣམ་པས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཡོད་པའི་སྐོར་དང་།  དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དེང་དུས་ཚན་རིག་ལག་རྩལ་ལ་བརྟེན་ནས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་ལེན་བསྟར་བཞིན་པའི་སྐོར།  རང་ལུས་མེར་སྲེག་གཏོང་མཁན་གྱིས་མཚོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་ཆེན་པོ་གནང་བ་ནམ་ཡང་ཆུད་ཟོས་སུ་ཕྱིན་མེད་པའི་སྐོར།   རྒྱ་ནག་གཞུང་གིས་རང་རིགས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭ་ཁག་ནང་བརྫངས་ནས་བོད་ཀྱི་སྐད་ཡིག་ཉམས་དམས་སུ་གཏོང་ཐབས་ཀྱི་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐོར་དང་། དེ་བཞིན་ ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་གི་ཡོད་པ།  བོད་འདི་ལོ་རྒྱུས་ཐོག་རང་བཙན་གྱི་གནས་བབ་ཡིན་པའི་སྐོར་སྔ་ལོ་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་གོ་སྒྲིག་དང་།  ཨ་རིའི་གྲོས་ཚོགས་ནང་དེ་འབྲེལ་གྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་འབད་བཞིན་པའི་སྐོར།  རྒྱ་ནག་གཞུང་དང་མཉམ་དུ་སྐད་ཆ་མ་བཤད་པར་བོད་ཀྱི་དཀའ་ངལ་སེལ་ཐབས་མེད་པ་དང་།  རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་ངེས་ཀྱང་།  བོད་ཀྱི་གནད་དོན་འདི་རང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྒང་ལ་འཇོག་མི་སྲིད་པ་བཅས་གནད་དོན་འདི་གཉིས་ངེས་པར་དུ་ཤེས་དགོས་ཞེས་བཀའ་སློབ་གནང་ཡོད་འདུག

ཟླ་འདིའི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཅི་ཀ་གྷོ་ཁུལ་དུ་ཡོད་པའི་གཞོན་སྐྱེས་རྣམས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་ས་བབ་ཆགས་ཚུལ་དང་།  ཕུན་སུམ་ཚོགས་པའི་བོད་ཀྱི་གཙང་པོ་ཆེ་ཁག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཅི་འདྲའི་གལ་ཆེན་པོ་ཆགས་ཡོད་པ།   དེ་དང་འབྲེལ་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྐོར།  བཙན་པོའི་དུས་རབས་ནས་བཟུང་བོད་ཀྱི་ལོ་རྒྱུས་གནས་སྟངས་སྙིང་བསྡུས།  རྒྱ་གར་ནས་བོད་དུ་ནང་ཆོས་དར་ཚུལ།  བོད་དང་ཨ་རིའི་ལོ་རྒྱུས་ཀྱི་འབྲེལ་བ།  ཕྱི་ལོ་ ༡༩༤༩ ལོར་རྒྱ་གཞུང་གིས་བོད་ལ་ཐོག་མར་བཙན་འཛུལ་བྱས་ནས་ད་བར་གྱི་ལོ་རྒྱུས་སོགས་ངོ་སྤྲོད་གནང་ཡོད་འདུག  ཕྱི་ཚེས་ ༦ ནས་བཟུང་ཉིན་ཤས་རིང་ཨ་རི་སྲིད་གཞུང་གི་རོགས་དངུལ་དང་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་དང་། ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་དཔོན་རིགས་དང་མཇལ་མོལ་གནང་རྒྱུའི་མཛད་རིམ་བསྐྱངས་རྒྱུ་ཡིན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།