དབུས་དངུལ་ཁང་གི་འགན་འཛིན་ལྷན་ཚོགས་སུ་ཐེངས་དང་པོར་བུད་མེད་གཅིག་འདེམས་ཐོན་བྱུང་འདུག

ཟླ་༥ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉི་ཧོང་དབུས་དངུལ་ཁང་གི་འགན་འཛིན་ལྷན་ཚོགས་སུ། བུད་མེད་གཅིག་ཐེངས་དང་པོར་འདེམས་ཐོན་བྱུང་འདུག་པ་དང་། ལས་གནས་དེར་ཉི་ཧོང་གི་དཔལ་འབྱོར་ལས་དོན་ཐོག་ཚད་མཐོའི་ཐག་གཅོད་བྱེད་པའི་དབང་ཚད་ཡོད་པ་རེད་འདུག དེ་ཡང་དངུལ་ཁང་དེ་ཐོག་མར་ཕྱི་ལོ་༡༨༨༢ ལོའི་ཟླ་༡༠ པའི་ནང་འགོ་འཛུགས་བྱས་ཡོད་པ་དང་། ད་ལྟ་བར་ལོ་ངོ་༡༣༨ ནང་བུད་མེད་གཅིག་འགན་འཛིན་ལྷན་ཚོགས་སུ་འདེམས་ཐོན་བྱུང་བ་ཐོག་མར་ཡིན་པས། ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད་འདུག

དེ་ཡང་ཉི་ཧོང་རྒྱལ་ཁབ་དེ་ཉིད་འཛམ་གླིང་ནང་འཕྲོད་བསྟེན་དང་འཕྲུལ་ཆས་སོགས་ཀྱི་ཐད་ལ་གཟེངས་སུ་ཐོན་པ་ཡིན་ཡང་། རྒྱལ་ཁབ་དེའི་ནང་གི་མཐོ་རིམ་ལས་གནས་མང་པོ་ཞིག་ནང་བུད་མེད་འདེམས་ཐོན་འབྱུང་གི་མེད་ཁར། ཕོ་མོའི་བར་གླ་ཕོགས་ཀྱི་ཁྱད་པར་ཡང་ཡར་ཐོན་རྒྱལ་ཁབ་ཁག་ནང་ཆེ་གྲས་སུ་སླེབས་ཀྱི་ཡོད་པ་རེད་པས། ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ཐོག་ཞན་པོ་ཡིན་པ་རེད་འདུག

ཉི་ཧོང་གི་དབུས་དངུལ་ཁང་གི་ལས་བྱེད་ནང་དུ་བརྒྱ་ཆ་༤༧ བུད་མེད་ཡིན་ཡང་། འཛིན་སྐྱོང་གི་མཐོ་རིམ་ལས་གནས་ཁག་ནས་ལས་གནས་བརྒྱ་ཆ་༡༣ ལ་བུད་མེད་ཀྱིས་ལས་ཁུར་བྱེད་བཞིན་ཡོད་ཁར། ཁྲིམས་དང་དངུལ་ཤོག སྤྲོད་འཇལ་སོགས་ཆེད་ལས་ཀྱི་ལས་གནས་ཁག་ནས་ལས་གནས་བརྒྱ་ཆ་༢༠ ལ་བུད་མེད་ཀྱིས་ལས་ཁུར་བྱེད་བཞིན་ཡོད་འདུག ཐེངས་འདིར་འགན་འཛིན་ལྷན་ཚོགས་སུ་འདེམས་ཐོན་བྱུང་མཁན་བུད་མེད་ཐོག་མར་རང་ལོ་༥༥ ཡིན་མཁན་ལྕམ་ཤཱི་མི་ཛུ་ནི་ཕྱི་ལོ་༡༩༨༧ ལོ་ནས་དངུལ་ཁང་དེར་ལས་ཀ་བྱེད་འགོ་བཙུགས་ཡོད་པ་རེད་འདུག

དངུལ་ཁང་དེ་ནི་ཉི་ཧོང་གི་དཔལ་འབྱོར་ལས་དོན་ནང་སྒྲིག་འཛུགས་གལ་ཆེ་ཤོས་གྲས་སུ་ཆགས་ཀྱི་ཡོད་ཁར། དེའི་འགན་འཛིན་ལྷན་ཚོགས་སུ་དངུལ་དང་འབྲེལ་བའི་སྲིད་བྱུས་སོགས་གཏན་འབེབས་བྱེད་པའི་དབང་ཚད་ཡོད་འདུག ད་ལྟའི་ཆར་འགན་འཛིན་ལྷན་ཚོགས་སུ་མི་༩ ཡོད་པའི་ནང་ནས་བུད་མེད་གཅིག་ལས་མེད་ཁར། ད་བར་དངུལ་ཁང་དེའི་ཚོགས་གཙོར་བུད་མེད་འདེམས་ཐོན་བྱུང་མྱོང་མེད་པ་རེད་འདུག

འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ཀྱི་ཕོ་མོ་བར་གླ་ཕོགས་ཀྱི་ཁྱད་པར་ཐོག་གི་གྲངས་ཐོ་ཐོན་གསར་ཤོས་ནང་དུ། ཉི་ཧོང་དེ་རྒྱལ་ཁབ་༡༥༣ ནང་ནས་ཨང་ཀི་༡༢༡ པ་དེ་ཡིན་ཁར། སྟོབས་ཆེན་རྒྱལ་ཁབ་༧ ནང་ནས་ཕོ་མོ་འདྲ་མཉམ་ཐོག་ཨང་རིམ་མཐའ་མ་དེ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།