དབྱིན་ཡུལ་ནང་གི་གཞོན་སྐྱེས་འབུམ་ཕྲག་མང་པོར་སེམས་ནད་ཀྱིས་ལས་ཀ་མི་རག་པའི་དཀའ་ངལ།
ཟླ་འདིའི་ཚེས་༢༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཡུལ་ནང་གཞོན་སྐྱེས་འབུམ་ཕྲག་མང་པོ་ལ་ཡུན་རིང་སེམས་ནད་ཕོག་པས་ལས་ཀ་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཉེ་བའི་ཆར་དབྱིན་ཡུལ་གྱི་རྒྱལ་ཡོངས་བསྡོམས་རྩིས་ལས་ཁུངས་ཀྱིས་གྲངས་ཐོ་ཞིག་བཏོན་པའི་ནང་། ལོ་འདིའི་ཐོག་མའི་ཟླ་བ་གསུམ་གྱི་རིང་། དབྱིན་ཡུལ་ནང་ལོ་ན་༡༦ ནས་༣༤ བར་གྱི་གཞོན་སྐྱེས་ཁྱོན་བསྡོམས་༥༦༠,༠༠༠ ལྷག་ལ་ཡུན་རིང་སེམས་ནད་ཕོག་པའི་དབང་གིས་ཁོང་ཚོ་ལ་ལས་ཀ་མེད་པའམ། ཁོང་ཚོས་ལས་ཀ་འཚོལ་གྱི་མེད་པ་ཤེས་རྟོགས་བྱུང་ཡོད་འདུག དེ་ནི་འདས་པའི་ལོ་ངོ་བཞིའི་རིང་བརྒྱ་ཆ་༤༤% འཕར་ཡོད་པར་བརྗོད་འདུག
སེམས་ཁམས་བདེ་ཐང་མེད་པའི་ནད་གཞིའི་ནང་གཙོ་བོ་སེམས་ངལ་དང་དབང་རྩ་མི་ལེགས་པ་ཡིན་འདུག ལོ་ན་༡༦ ནས་༣༤ བར་གྱི་གཞོན་སྐྱེས་སུམ་ཆ་གཅིག་གམ། བརྒྱ་ཆ་༣༦ ལ་ནད་གཞི་དེ་དག་ཕོག་ཡོད་འདུག་པར་བརྟེན། ད་ཆ་ཁོང་ཚོ་ནི་ལས་མེད་དུ་ལྷག་ཡོད་འདུག
དབྱིན་ཡུལ་གྱི་Exeter ཞེས་པའི་གཙུག་ལག་ཁང་གི་སློབ་དཔོན་ཆེན་པོ་ཌ་ཝེ་ཊ་(David) ་ཡིས། དབྱིན་ཡུལ་གྱིས་ནད་པར་སྨན་བཅོས་བྱེད་པར་བློ་རྩེ་གཅིག་སྒྲིམ་བྱེད་པ་ལས་མི་རྣམས་ཀྱི་བདེ་ཐང་ལ་རྒྱུན་དུ་བསམ་བློ་གཏོང་གི་མེད་པ་དང་། ལྷག་པར་དུ་འདས་པའི་ལོ་ངོ་བཅུ་གཉིས་ཀྱི་རིང་། འཕྲོད་བསྟེན་སྡེ་ཁག་ལ་མ་དངུལ་འཇོག་གྲངས་ཉུང་དྲགས་པར་བརྟེན། འཕྲོད་བསྟེན་དང་སེམས་ཁམས་ལ་དཀའ་ངལ་འཕྲད་མཁན་མང་དུ་འགྲོ་བ་མ་ཟད། ཉེ་བའི་ལོ་འགའི་ནང་རྒྱ་ནད་ཤུགས་ཆེན་ཁྱབ་པས་སེམས་ཁམས་ཀྱི་དཀའ་ངལ་ཇེ་ཆེ་རུ་བཏང་ཡོད་པ་རེད་ཅེས་བརྗོད་ཡོད་འདུག
དབྱིན་ཡུལ་ནང་གི་སེམས་ཁམས་ཀྱི་དཀའ་ངལ་དེ་གསར་པ་ཞིག་མ་ཡིན་པར་ཕྱི་ལོ་༢༠༡༢ ནས་དར་ཁྱབ་ཆེ་རུ་ཕྱིན་ཡོད་འདུག འཕྲོད་བསྟེན་ཚོགས་པ་(Health Foundation) ཞིག་གིས་སྙན་ཐོ་ཞིག་བཏང་བའི་ནང་། ཕྱི་ལོ་༢༠༡༡ ལོ་སེམས་ཁམས་ཀྱི་དཀའ་ངལ་དབང་གིས་ལས་ཀ་མི་གཉེར་མཁན་བརྒྱ་ཆ་༦.༧% ཟིན་ཡོད་པ་དང་། ཕྱི་ལོར་སླེབ་དུས་སེམས་ཁམས་ཀྱི་དཀའ་ངལ་ལ་བརྟེན་ནས་ལས་ཀ་མི་གཉེར་མཁན་གྱི་བརྒྱ་ཆ་༡༢.༧% ཟིན་ནས་འདས་པའི་ལོ་ངོ་༡༡ རིང་། སེམས་ཁམས་ཀྱི་དཀའ་ངལ་ལ་བརྟེན་ནས་ལས་ཀ་མི་བྱེད་མཁན་གྱི་གྲངས་འབོར་བརྒྱ་ཆ་ལྡབ་གཅིག་འཕར་ཡོད་འདུག
འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལས་རོགས་ཀྱིས་བརྗོད་གསལ་ལྟར་ན། སེམས་ཁམས་བདེ་ཐང་དེ་ཡོང་འབབ་བརྟན་པོ་དང་སྤྱི་ཚོགས་ནང་འབྲེལ་འདྲིས་ཡག་པོ་ཡོད་པ། སྡོད་གནས་ཀྱི་ཁོར་ཡུག་བཟང་པོ་སོགས་ནས་ཡོང་གི་ཡོད་ཀྱང་། གཞོན་སྐྱེས་ཚོ་ལ་ཡོང་འབབ་ཉུང་བ་དང་ཁང་གླ་སོགས་མཐོ་བའི་དཀའ་ངལ་གྱིས་སྤྱི་ཚོགས་ནང་ཁེར་རྐྱང་གི་ཚོར་བ་ཤུགས་ཆེན་ཡོང་བཞིན་ཡོད་འདུག
དབྱིན་ཡུལ་ནང་སེམས་ཁམས་ཀྱི་དཀའ་ངལ་ལ་བརྟེན་ནས་ལས་ཀ་མེད་མཁན་གྱི་དཀའ་ངལ་དེ་གཞོན་སྐྱེས་ཙམ་མིན་པར་ལོ་ན་མཐོན་པོའི་ཁྲོད་དུ་ཡང་དཀའ་ངལ་དེ་ཡོད་འདུག ད་ལྟའི་ཆར་ལོ་ན་༣༥ ནས་༤༩ བར་གྱི་མི་གྲངས་བརྒྱ་ཆ་༣༡% ་ལ་དཀའ་ངལ་དེ་ཡོད་པ་མ་ཟད། ལོ་ན་༥༠ ནས་༦༤་བར་གྱི་མི་གྲངས་བརྒྱ་ཆ་༢༠% ལ་ཡང་དཀའ་ངལ་དེ་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།