དེ་རིང་སྔ་དྲོར་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་ཐུབ་པ་དང་མ་ཐུབ་པ། 

ཟླ་འདིའི་ཚེས་༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༩ པའི་ཚོགས་དུས་༡ ། བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་དང་པོའི་བརྗོད་པ་གཉིས་པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང་། ས་སྟེང་༧རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མིིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད་ཅེས་པའི་ཚིག་བརྗོད་རྙིང་པ་སོར་བཞག་ཐོག ་་་་་་་གོང་གི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། ཞེས་པའི་མཇུག་ཏུ།  ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ། ཞེས་པའི་ཚིག་བརྗོད་གསར་པ་བསྐྱར་བཅོས་ལ་སྤྱི་འཐུས་༣༧ རྩ་འབོར་བཞི་ཆ་གསུམ་ཡན་གྱི་རྒྱབ་སྐྱོར་གྱིས་གཏན་འབེབས་དང་། དེའི་ནང་གསེས་༢ པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་(ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་)ཞེས་པའི་ཚིག་བརྗོད་རྙིང་པ་དེ། ཚིག་བརྗོད་གསར་པ་(བཀའ་ཤག་ལ་དགོངས་འཆར་དང་ལམ་སྟོན་བཀའ་སློབ་བསྩལ་རྒྱུ)་ཞེས་བསྐྱར་དུ་བཅོས་པ་ལ། སྤྱི་འཐུས་༣༥ རྩ་འབོར་བཞི་ཆ་གསུམ་ཡན་གྱི་རྒྱབ་སྐྱོར་འོག་གཏན་འབེབས་གནང་སོང་། 

དེ་བཞིན་དོན་ཚན་བརྒྱད་པ་བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་དང་འབྲེལ། དེའི་ནང་གསེས་༣ པ་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་གཞུག་ཆོག་ཅེས་པའི་ཚིག་བརྗོད་རྙིང་པ་ལོ་གསུམ་དེ་ཚིག་བརྗོད་གསར་པ་ལོ་ལྔ་ཞེས་བསྐྱར་བཅོས་དང་འབྲེལ་ཏེ་བགྲོ་གླེང་མང་པོ་བྱས་མཐར་སྤྱི་མོས་གཏན་འབེབས་མ་ཐུབ་པར་ཟགས་སོང་། 

གཞན་དོན་ཚན་བཅུ་གཉིས་དང་དོན་ཚན་ཉེར་གསུམ་བཅས་སྤྱི་མོས་གཏན་འབེབས་བྱུང་ཞིང་།
དོན་ཚན་ཉེར་ལྔ་གཙོས་པའི་དོན་ཚན་ཁག་ཅིག་གི་ཐོག་བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་ཞིག་ཁྱེར་འདུག་པས་དེའི་ཐོག་བགྲོ་གླེང་མུ་མཐུད་གནང་བཞིན་པ་ལས་ད་ལྟ་གཏན་འབེབས་བྱུང་མ་སོང།


གསར་འགོད་པ། བསྟན་འཛིན་ལམ་བཟང་།