དོན་གཅོད་འཕོ་འགྱུར་དང་འབྲེལ་ནས་སྲིད་སྐྱོང་ལ་ངོ་རྒོལ།
བཀའ་ཤག་གིས་དོན་གཅོད་སྤེན་པ་ཚེ་རིང་ལས་གནས་ནས་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་གསལ་བཤད་དོན་ཚན་༡༠ ཅན་ཞིག་བསྒྲགས་ཡོད་པ་དང་། དོན་གཅོད་སྤེན་པ་ཚེ་རིང་གིས་བཀའ་ཤག་གིས་ཁོང་ལ་ལས་མཚམས་འཇོག་དགོས་པ་དེ་ཁས་བླངས་ཡོད་པ་ལས། མ་འགྲིག་པའི་གནས་ཚུལ་བསྒྲངས་པ་དེ་ཚོ་རེ་རེ་བྱས་ནས། ལས་མཚམས་བཞག་རྗེས། ཕྱི་ཟླ་༡༡ ཚེས་༣༠ རྗེས་ནས་གསལ་བཤད་ལན་འདེབས་བྱེད་རྒྱུ་ཡོད་སྐོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པར་ལན་འདེབས་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༩ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཁ་ན་ཌར་གནས་སྡོད་བོད་མི་ཚོར་གསུང་བཤད་གནང་སྐབས། བོད་མི་ཁག་ཅིག་གིས་ཤོག་བྱང་ཁྱེར་ནས། དོན་གཅོད་སྤེན་པ་ཚེ་རིང་དོན་གཅོད་ནས་འཕོ་འགྱུར་བཏང་བ་མ་འགྲིག་པའི་སྐོར་དང་། དོན་གཅོད་ཀྱི་རྩིས་ཁྲ་གཙང་མ་དགོས་སྐོར་གྱི་ངོ་རྒོལ་བྱས་ཡོད་པ་རེད།
བཀའ་ཤག་གི་གསལ་བཤད་དོན་ཚན་༨ པའི་ཨ་རིའི་བོད་ཀྱི་ཐེབས་རྩ་ལ་བུ་ལོན་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་གྱི་ལབ་གླེང་སྐོར་སྲིད་སྐྱོང་ལ་མི་མང་ནང་ནས་དྲི་བ་བཏང་བར། སྲིད་སྐྱོང་གིས་དེ་ནི་བོད་ཀྱི་ཐེབས་རྩར་བུ་ལོན་སློག་མི་དགོས་སྐོར་དང་འབྲེལ་ནས་ལན་འདེབས་གནང་སྐབས། ཐོག་མར་ནིའུ་ཡོག་ཏུ་དོན་གཅོད་ཡོད་སྐབས། ཁང་པ་དེ་ཨ་རིའི་བོད་ཀྱི་ཐེབས་རྩའི་ཉོས་པ་ཞིག་ཡིན་པ་དང་། དེ་ཡང་དོན་གཅོད་ཀྱི་ཆེད་དུ་ཉོས་པ་ཡིན་པའི་སྐད་ཆ་ཞིག་ཡོད་པས། དོན་གཅོད་ཝ་ཤིན་ཊོན་དུ་སྤོ་སྐབས། བོད་ཀྱི་ཐེབས་རྩ་ལ་བཀའ་ཤག་གིས་དོན་གཅོད་ལ་སྐལ་ལ་སྤྲད་རོགས་ལབ་ནས། ས་ཡ་གཅིག་དང་ཕྱེད་ཀ་གནང་རྒྱུ་ཐག་གཅོད་བྱུང་ནས། སྤྲད་སྟངས་ཐེབས་རྩ་ཨ་རིའི་གཞུང་ལ་དེབ་སྐྱེལ་ཡོད་པས། དངུལ་འབོར་ཆེན་སྤྲད་བདེ་པོ་མ་བྱུང་ནས། ཁྲིམས་རྩོད་པ་དང་རྩིས་པར་གྲོས་བསྡུར་བྱས་ནས་བུ་ལོན་གྱི་རྣམ་པའི་ཐོག་ནས་གནང་བ་དང་། དངུལ་དེ་ཕར་སློག་མི་དགོས་པར། དོན་གཅོད་ཀྱི་ཁང་པ་གཅིག་ཐེབས་རྩའི་ལས་ཁུངས་བཟོས་ནས། ཁང་གླའི་ཐོག་ནས་ཡོང་གི་ཡོད་པ་དང་། ལོ་ཁ་ཤས་རྗེས་ནས་ཐེབས་རྩའི་ནང་ནས་བུ་ལོན་དེ་རྩིས་བསུབ་གཏོང་རྒྱུ་བྱས་ཡོད་སྐོར་འདུག
སྲིད་སྐྱོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། དོན་གཅོད་སྤེན་པ་ཚེ་རིང་གིས་དེ་བུ་ལོན་ཡིན་པ་དོན་གཅོད་ཀྱི་རྩིས་ཁྲའི་ནང་འགོད་དགོས་སྐོར་བརྗོད་པས། དེ་རྩིས་ཁྲའི་ནང་བུ་ལོན་ཡིན་པ་བཀོད་ན་བོད་མིའི་སྒྲིག་འཛུགས་ནས་དངུལ་ཕར་སྤྲོད་དགོས་ཁེལ་རྒྱུ་ཡོད་འདུག སྲིད་སྐྱོང་གིས་“ནང་ཁུལ་དུ་འགྲིག་བསྡད་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་བུ་ལོན་སྤྲོད་དགོས་མ་རེད། བོད་ཀྱི་ཐེབས་རྩར་འགྲིག་བསྡད་ཡོད་རེད་”ཅེས་བོད་མིའི་སྒྲིག་འཛུགས་ལ་དངུལ་རག་བསྡད་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་འདུག བོད་ཀྱི་ཐེབས་རྩའི་ཡིག་ཆའི་ནང་བཀའ་ཤག་ལ་ཡིག་ཚང་ཉོ་རྒྱུའི་ཆེད་བུ་ལོན་བཏང་བ་ཡིན་ཞེས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
