དྲག་རྒོལ་གྱི་གནས་ཚུལ་ལ་བརྟེན་ནས་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་འདུག

ཇ་མུ་དང་ཀ་ཤི་མིར་གྱི་ས་ཁུལ་ཞིག་ཏུ་དྲག་རྒོལ་བྱུང་སྟེ་ཡུལ་སྐོར་བ་མང་པོའི་ཚེ་སྲོག་ཤོར་བར་བརྟེན། རྒྱ་གར་གྱིས་པ་ཀི་སི་ཐན་དང་གཙང་ཆུ་མཉམ་སྤྱོད་དང་འབྲེལ་བའི་ཆིངས་ཡིག་ཕྱིར་འཐེན་དང་། རྒྱལ་ཁབ་གཉིས་ཀྱི་ས་མཚམས་སྒོ་རྒྱག་རྒྱུ། དེ་བཞིན། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཉུང་ཤས་ཕུད་མི་སེར་གཅིག་ཀྱང་རྒྱ་གར་དུ་ཡོང་མི་ཆོག་པ་སོགས་བཟོས་ནས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༢༢ ཉིན། རྒྱ་གར་གྱི་ཇ་མུ་དང་ཀ་ཤི་མིར་གྱི་པ་ཧལ་གྷམ་ཞེས་པའི་ས་ཁུལ་དུ་དྲག་སྤྱོད་པ་བདུན་གྱིས་བློ་བུར་དུ་མེ་མདའ་གང་བྱུང་བརྒྱབས་ཏེ། ཡུལ་སྐོར་བ་བལ་ཡུལ་བ་གཅིག་དང་རྒྱ་གར་བ་༢༥ བཅས་ཁྱོན་མི་༢༦ བསད་ཅིང་། མི་གྲངས་༡༧ ལ་རྨས་སྐྱོན་ཕོག་ཡོད་པར་བརྟེན། ཟླ་འདིའི་ཚེས་༢༣ ཉིན། རྒྱ་གར་གྱི་སྲིད་བློན་མུ་དྷིའི་གཙོ་སྐྱོང་འོག རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གྱི་ཐག་གཅོད་གཙོ་བོ་བྱེད་མཁན་གྱི་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག་པ་དང་།

ཚོགས་འདུ་དེའི་ཐོག རྒྱ་ཁབ་གཉིས་བར་གྱི་ས་མཚམས་ཨ་ཊ་རི~ཝ་ག་༼Attari~Wagah༽ མྱུར་དུ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། ལྷོ་ཨེ་ཤེ་ཡའི་ས་ཁུལ་མཉམ་ལས་མཐུན་ཚོགས་༼SAARC༽ ཞེས་པའི་མིང་ཐོག་ནས་ཡོང་མཁན་པ་ཀི་སི་ཐན་གྱི་མི་སེར་ཚང་མའི་མཐོང་མཆན་ཕྱིར་བསྡུ་བྱེད་རྒྱུ། དེ་བཞིན། པ་ཀི་སི་ཐན་གྱིས་རྒྱལ་མཚམས་བརྒལ་བའི་དྲག་སྤྱོད་པར་རྒྱབ་སྐྱོར་བྱེད་མཚམས་མ་བཞག་བར། རྒྱ་གར་གྱིས་ཕྱི་ལོ་༡༩༦༠ ལོར་རྒྱ་གར་དང་པ་ཀི་སི་ཐན་བར་གཙང་ཆུ་མཉམ་སྤྱོད་དང་འབྲེལ་བའི་ཆིངས་ཡིག་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་མ་ཟད།

ཕྱི་ཟླ་༥ པའི་ཚེས་༡ ཉིན་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཁང་གི་ལས་བྱེད་༥༥་ནས་༣༠ བར་ཉུང་འཕྲི་བྱེད་རྒྱུ་ཁས་ལེན་བྱས་པ་ཕུད། རྒྱ་གར་དུ་པ་ཀི་སི་ཐན་གྱི་མི་གཅིག་ཀྱང་བསྡད་མི་ཆོག་པ་བཟོས་ཡོད་འདུག

ཡིག་ཆ་ཡོད་པའི་ཐོག་རྒྱ་གར་ནང་དུ་སྡོད་མཁན་པ་ཀི་སི་ཐན་བ་ཚོ་ཟླ་༥ པའི་ཚེས་༡ གི་སྔོན་དུ་རྒྱ་གར་ནས་ཐོན་དགོས་ཤིང་། རྒྱ་གར་གྱིས་པ་ཀི་སི་ཐན་གྱི་རྒྱལ་སར་ཡོད་པའི་རྒྱ་གར་གྱི་རྒྱལ་སྲུང་དང་མཚོ་དམག དེ་བཞིན་མཁའ་དམག་བཅས་ཀྱི་སློབ་སྟོན་པ་ཚང་མ་ཕྱིར་འཐེན་བྱེད་རྒྱུ་དང་། རྒྱ་གར་དུ་ཡོད་པའི་པ་ཀི་སི་ཐན་གྱི་རྒྱལ་སྲུང་དང་། མཚོ་དམག་དང་མཁའ་དམག་བཅས་ཀྱི་སློབ་སྟོན་པ་རྣམས་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནས་ཐོན་དགོས་པའི་ཐག་གཅོད་བྱས་ཡོད་འདུག

པ་ཀི་སི་ཐན་གྱིས་དྲག་རྒོལ་དེ་དང་ཁོང་ཚོ་འབྲེལ་བ་ཡོད་པ་ཁས་ལེན་བྱས་མེད་པ་མ་ཟད། དྲག་རྒོལ་དེ་ས་ཁུལ་དུ་རྒྱ་གར་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ནས། ལྷོ་ཨེ་ཤེ་ཡའི་ས་ཁུལ་མཉམ་ལས་མཐུན་ཚོགས་༼SAARC༽ ཞེས་པའི་མིང་ཐོག་ནས་ཡོང་མཁན་རྒྱ་གར་གྱི་གནས་མཇལ་བ་ཕུད། རྒྱ་གར་བ་གཞན་རྣམས་ཀྱི་ལག་ཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། རྒྱ་གར་གྱིས་གཙང་ཆུ་མཉམ་སྤྱོད་ཀྱི་ཆིངས་ཡིག་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་ལ་ཁས་ལེན་བྱས་མེད་ཅེས་བརྗོད་འདུག

རྒྱ་གར་གྱི་ཇ་མུ་དང་ཀ་ཤི་མིར་གྱི་ས་ཁུལ་དེ་ནི་ཕྱི་ལོ་༢༠༡༩ ནས་བཟུང་། དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་ས་ཁུལ་ཞིག་ཏུ་བསྒྱུར་ནས་ལོ་ངོ་ལྔ་ཙམ་ཕྱིན་པའི་རྗེས། ན་ནིང་ས་ཁུལ་དེའི་ནང་འོས་བསྡུ་བྱས་ནས་གཞུང་འཛིན་གསར་པ་བསྐོས་ཐུབ་པ་བྱུང་སྟེ་ས་ཁུལ་གྱི་གནས་སྟངས་རྒྱུན་ལྡན་ལྟར་གྱུར་ཡོད་འདུག་པ་དང་། ལྷག་པར་དུ་མི་ལོ་དྲུག་གི་རྗེས་ཏེ་ད་ལོ་ཐེངས་དང་པོ་ལོ་རེའི་འཆར་དངུལ་ཐོབ་ཡོད་འདུག ས་ཁུལ་དེའི་ནང་ཕྱི་ལོ་༢༠༡༩ ནས་བཟུང་དཔལ་འབྱོར་གྱི་ཡར་རྒྱས་བརྒྱ་ཆ་༤།༨༩ ཙམ་ཡར་འཕར་ཏེ། ལས་མེད་ཀྱི་བརྒྱ་ཆ་༦།༡ མར་ཆག་ཡོད་འདུག

ས་ཁུལ་དེའི་ནང་གི་མི་མང་ཆེ་བས་ཞིང་ལས་དང་ཡུལ་སྐོར་དང་འབྲེལ་བའི་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༢༣ ལོར་ཡུལ་དེར་ཡུལ་སྐོར་བ་བྱེ་བ་༢།༡༡  དང་ཕྱི་ལོ་༢༠༢༤ ལོར་ཡུལ་སྐོར་བ་བྱེ་བ་༢།༣༥ ཡོང་བ་བཅས་འདས་པའི་ལོ་ཁ་ཤས་ནང་། ལོ་རེར་ཡུལ་སྐོར་བ་བརྒྱ་ཆ་༡༥% ཙམ་འཕར་ནས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱབ་རྟེན་ལྟ་བུར་གྱུར་ཡོད་ཀྱང་། དྲག་སྤྱོད་པའི་གནས་ཚུལ་སླར་ཡང་བྱུང་བར་བརྟེན། ད་ལྟའི་ཆར་ཡུལ་སྐོར་བ་མང་པོ་ཕྱིར་ལོག་བཞིན་པ་མ་ཟད། དེར་འགྲོ་འཆར་ཡོད་མཁན་མང་པོས་ཕྱིར་འཐེན་བྱས་ཡོད་འདུག

རྒྱ་གར་གཞུང་འབྲེལ་ཐོག་ནས་དྲག་རྒོལ་བའི་དོན་རྐྱེན་དེ་སུས་བརྩམས་ཡོད་པ་ད་ལྟ་གཏན་འཁེལ་བྱས་མེད་ན་ཡང་། བརྒྱུད་ལམ་ཁ་ཤས་ཀྱི་ཐོག་ཏུ། ཐེངས་འདིའི་དྲག་རྒོལ་དང་པ་ཀི་སི་ཐན་དུ་རྟེན་གཞི་བྱས་པའི་དྲག་སྤྱོད་ཚོགས་པ་༼Lashkar-e-Taiba༽ གཉིས་བར་འབྲེལ་བ་ཡོད་པར་བརྗོད་འདུག་ལ།

དེ་རིང་རེས་གཟའ་ཕུར་བུའི་ཉིན། ས་གནས་ཉེན་རྟོག་པས་དོགས་ཡོད་མི་སྣ་གཉིས་པ་ཀི་སི་ཐན་གྱི་མི་ཡིན་པ་ངོས་འཛིན་བྱས་ཡོད་པ་དང་། ཁོང་གཉིས་འཛིན་བཟུང་བྱེད་ཐུབ་པའི་གནས་ཚུལ་ཁུངས་ལྡན་རག་ན་ཧིན་སྒོར་འབུམ་༢༠ གྱི་བྱ་དགའ་སྤྲད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

གནས་ཚུལ་དེ་དང་འབྲེལ། རྒྱ་གར་གྱི་གསར་ཁང་གྲགས་ཅན་(Firstpost) ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། དྲག་སྤྱོད་པའི་གནས་ཚུལ་བྱུང་རྗེས། ཨ་རི་དང་ཧྥ་རན་སི། རྒྱ་ནག་དང་ཨུ་རུ་སུ། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་དབུ་ཁྲིད་ཚོས་འཇིགས་སྐུལ་རིང་ལུགས་པའམ། དྲག་སྤྱོད་པ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་ནས་བྱ་སྤྱོད་ལ་སྐྱོན་བརྗོད་དང་རྒྱ་གར་ལ་གདུང་སེམས་མཉམ་སྐྱེད་ཀྱི་སྐད་ཆ་བཤད་ཡོད་ན་ཡང་། ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ། བྷི་བྷི་སི་དང་། ནིའུ་ཡོག་གི་དུས་བབ། དབྱིན་ཇིའི་(sky news ) ཞེས་པའི་གསར་ཁང་། ཧྥ་རན་སིའི་( France 24) དེ་བཞིན་(The Guardian) སོགས་ཀྱིས་འཇིགས་སྐུལ་རིང་ལུགས་(Terrorism) ཞེས་པའི་ཐ་སྙད་བེད་སྤྱོད་བཏང་མེད་པ་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གིས་དྲག་སྤྱོད་པ་ཞེས་པའི་ཐ་སྙད་བེད་སྤྱོད་བྱས་ནས་སྐྱོན་བརྗོད་བྱས་ཡོད་ན་ཡང་། ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན། གསར་ཁང་དེ་དག་གིས་གོ་མཚོན་ཐོགས་པའི་མི་འགས་མེ་མདའ་བརྒྱབས་ཡོད་པ་སོགས་ལས་དྲག་སྤྱོད་པ་ཞེས་པའི་ཚིག་གཅིག་བེད་སྤྱོད་བཏང་མེད་པར་བརྗོད་འདུག་ལ།

གསར་འགྱུར་ནང་གི་ཐ་སྙད་དང་འགྲེལ་བརྗོད་བྱེད་སྟངས་དེ་གལ་གནད་ཆགས་ཀྱི་ཡོད་པ་དང་། མི་མང་ས་ཡ་མང་པོས་གསར་འགྱུར་དེ་དག་ལྟ་ཀློག་བྱེད་ཀྱི་ཡོད་པ། གསར་འགྱུར་གྱིས་མི་མང་པོའི་བསམ་ཚུལ་ལ་འགྱུར་བ་གཏོང་གི་ཡོད་པས། མི་མང་གི་བསམ་ཚུལ་ལས་རྒྱལ་ཁབ་ཅིག་གི་སྲིད་བྱུས་ལ་ཡང་འགྱུར་བ་འགྲོ་ཡི་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགྱུར་གྱི་འགོ་བརྗོད་འབྲི་སྟངས་ལ་སྣང་མེད་གཏོང་མི་རུང་བར་བརྗོད་འདུག།

གཞན་ཡང་ཕྱི་ལོ་༢༠༢༣ ལོར་ཧ་མ་སིས་ཨི་སི་རེལ་ལ་བློ་བུར་དུ་གཏོར་རྒོལ་བྱེད་དུས། ཧ་ལམ་ཨ་རིའི་གསར་འགྱུར་ཚང་མས་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞེས་གནས་ཚུལ་སྤེལ་ཡོད་པ་དང་། གསར་འགྱུར་དེ་དག་ནི་ཨི་སི་རེལ་གྱི་རྒྱབ་སྐྱོར་བ་ཡིན་པས། ཧ་མ་སི་ལ་འཇིགས་སྐུལ་རིང་ལུགས་པ་ཞེས་འབོད་པར་ཐེ་ཚོམ་བྱས་མེད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།