དྷ་སའི་ཉེ་འགྲམ་གྱི་དབུལ་གྲོང་གཏོར་བཤིག་བཏང་བ།

རྒྱ་གར་དྷ་སའི་གྲོང་སྡེ་ལས་ཁུངས་ཀྱིས་དྷ་སའི་ཉེ་འགྲམ་གྱི་ཆ་རཱན་དབུལ་གྲོང་གི་ངལ་རྩོལ་བ་རྣམས་ལ་མགོ་བསྐོར་ནས་ཕྱིར་ཕུད་བཏང་ཡོད་པའི་གནས་ཚུལ་འདུག

13493541_1193705120653355_279366030_oདེ་ཡང་ཟླ་འདིའི་ཚེས་༢༠ ཉིན་ཧི་མ་ཅལ་རྟོག་ཞིབ་མཁན་ཅེས་པའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༡༧ ཉིན་དྷ་སའི་གྲོང་སྡེ་ལས་ཁུངས་ཀྱིས་ཉེན་རྟོག་པ་བཏང་ནས་ལོ་ངོ་༣༠ སྔོན་ནས་ཡོད་པའི་ཆ་རཱན་ས་གནས་དབུལ་གྲོང་གི་ངལ་རྩོལ་བ་རྣམས་བཙན་དབང་ཐོག ཕྱིར་ཕུད་བཏང་ཡོད་པ་དང། ད་ལྟའི་ཆར་དྷ་སར་ཆར་དུས་ཡིན་པས། ངལ་རྩོལ་བའི་ཁྱིམ་མི་༣༠༠ ལྷག་སྡོད་ས་མེད་པ་ཆགས་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག

དབུལ་གྲོང་གི་ས་གནས་དེར་དྷ་སའི་གྲོང་སྡེ་ལས་ཁུངས་ཀྱི་ཁང་བརྩེགས་ཤིག་རྒྱག་འཆར་ཡོད་པས། ཐོག་མར་ངལ་རྩོལ་བ་ཚོར་ས་གནས་དེ་ནས་སྤོས་ན། ས་གནས་གཞན་ལ་གཞིས་ཆགས་གསར་འཛུགས་ཀྱི་རོག་རམས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང། ཁོ་ཚོའི་མིང་འདོན་བྱས་པའི་ས་གནས་གྷམ་རུ་དང། པཱ་སུ། ས་རཱ་བཅས་ཀྱི་ས་གནས་མི་མང་གིས་ངལ་རྩོལ་བ་ཚོར་འཇིགས་སྐུལ་འོག་གནས་སྤོ་བྱས་བཅུག་མེད་ཁར། གྲོང་སྡེ་ལས་ཁུངས་ཀྱི་གནས་སྤོའི་མཐུན་རྐྱེན་ཁས་ལེན་བྱས་པ་དེ་ལག་བསྟར་བྱས་མེད་པ་རེད།

དབུལ་གྲོང་དེར་གནས་སྡོད་བྱེད་མཁན་རྣམས་ནི། རྒྱ་གར་གྱི་མངའ་སྡེ་མ་ཧ་ར་ཤེ་ཊེ་ར་དང་ར་ཇིསི་ཐན་སོགས་ནས་ཡོང་བའི་ངལ་རྩོལ་བ་ཡིན་ཁར། ལོ་མང་སྔོན་ནས་དྷ་སའི་གཡས་གཡོན་གྱི་ཁང་བཟོའི་ལས་ལ་ཞུགས་ནས་མི་ཚེ་སྐྱེལ་མཁན་ཤ་སྟག་ཡིན་འདུག ཁུལ་དེ་ནས་ཕྲུ་གུ་མང་པོ་ཞིག་ལ་བོད་མིའི་གྲྭ་བློ་བཟང་འཇམ་དབྱངས་ཀྱིས་གསར་འཛུགས་བྱས་པའི་གཏོང་ལེན་རོགས་ཚོགས་ཀྱི་སྡོད་ཁང་དུ་སྡོད་བཞིན་ཡོད་པ་དང་། རྒྱ་གར་གྱི་སློབ་གྲྭར་བསྐྱོད་བཞིན་ཡོད་པ་རེད། དེ་བཞིན་རོགས་ཚོགས་དེའི་ལྟ་སྐྱོང་འོག་ནས་སློབ་ཐོན་སོང་བའི་སློབ་མ་མང་པོ་ཞིག རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་མུས་རེད། དེའི་ནང་གི་སློབ་མ་ཞིག་གིས་ཉེ་བའི་ཆར་དབུལ་གྲོང་གི་དཀའ་ངལ་ཞུ་གཏུགས་བྱེད་པར་འབྲེལ་ཡོད་ལས་བྱེད་སར་ཕྱིན་ཡོད་འདུག་ཀྱང་ཕན་ཐོགས་བྱུང་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།