དྷ་སར་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི།

ཟླ་འདིའི་ཚེས་༡༣ ཉིན་རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་༡༠༥ འཁོར་བའི་ཉིན་མོ་ཡིན་པས། དྷ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་བོད་རང་བཙན་གྱི་ཉིན་མོར་སྲུང་བརྩི་དང་རྗེས་དྲན་འཚོགས་ཡོད་པ་རེད།

དེ་ཡང་སྔ་དྲོ་དྷ་ས་མག་གྷན་དུ་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ཆེད་དང་། མ་འོངས་བོད་རང་བཙན་ཉིན་མོའི་འཆར་སྣང་གི་དུས་དྲན་དེ་འཚོགས་ཡོད་པ་དང་། ཉིན་དེར་བོད་ཀྱི་རང་བཙན་གྱི་དཔང་རྟགས་ཁག་མི་མང་ལ་འགྲེམས་སྟོན་དང་། དགོང་མོར་གླུ་གཞས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷས་དུས་དྲན་དེའི་སྐོར་འགྲེལ་བརྗོད་གནང་དོན། རྒྱ་ནག་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཁོངས་གཏོགས་རེད་ཟེར་གྱི་ཡོད་པས། ང་ཚོས་དེར་ཁ་གཏད་ཆེད་དུ། རྒྱལ་དབང་སྐུ་ཕྲེང་༡༣ པས་བོད་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་སྤེལ་ནས་ལོ་བརྒྱ་འཁོར་བ་དང་སྟབས་བསྟུན། ལོ་ལྟར་དུས་དྲན་དེ་འཚོགས་ཀྱི་ཡོད་ལ། ལོ་དང་པོར་རང་བཙན་བསྐྱར་ནན་གྱི་གསལ་བསྒྲགས་འགྲེམས་སྤེལ་དང་། ངོ་སྤྲོད་ལས་འགུལ། ༢༠༡༤ ལོར་བོད་དང་རྒྱལ་ཁབ་ཁག་གི་བར་བཞག་པའི་ཆིངས་ཡིག ༡༠༡༥ ལོར་རྒྱལ་དར་དང་ས་ཁྲ། ༢༠༡༦ ལོར་རྒྱ་བོད་བར་གྱི་རྡོ་རིང་། ༢༠༡༧ ལོར་ཕོ་བྲང་པོ་ཏ་ལ། ད་ལོ་བོད་ཀྱི་རྒྱལ་གླུ་བཅས་ལོ་ལྟར་རྒྱལ་ཁབ་ཅིག་བཚོན་པའི་དཔག་རྟགས་ཁག་ངོ་སྤྲོད་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་སོང་།

ཁོང་གིས་མུ་མཐུད་གསུང་དོན། བོད་རང་བཙན་གྱི་ཉིན་མོ་ཞེས་འདོགས་དགོས་དོན་ནི། རྒྱལ་ཁབ་རང་བཙན་འཐབ་རྩོད་པ་མང་པོས་མ་འོངས་འཆར་སྣང་གི་རང་བཙན་ཉིན་མོ་གཏན་འབེབས་བྱས་ཡོད་པ་རེད། དེ་བཞིན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་པོ་ཏ་ལར་ཕེབས་ནས་གཞིས་བྱེས་མཉམ་འཛོམས་ཡོང་བའི་རྟེན་འབྲེལ་མཚོན་དུ་ཡིན་སྐོར་ཡང་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།