བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༥ ཕྱི་ལོ་ ༢༠༢༠/༠༣/༢༥
རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ནད་འབུ་དེས་འཛམ་གླིང་ཧྲིལ་པོ་ཡོམ་ཡོམ་དུ་སྒུལ་བཞིན་ཡོད་པ་དང་། ཐོག་མ་རྒྱལ་ཁབ་མང་པོ་ཞིག་གིས་ནད་ཡམས་དེ་བྱུང་སྐབས་སྣང་མེད་དུ་བཏང་ཞིང་། རིམ་པས་ཛ་དྲག་ཏུ་གྱུར་པའི་སྐབས་འབ་སུ་མ་འདུས་པའི་གནས་ཚུལ་ཡོང་གི་ཡོད། སྐབས་རེ་རིག་གཞུང་དང་གོམས་གཤིས་ཀྱི་ཐོག་ནས་ཀྱང་བསམ་བློ་གཏོང་སྟངས་མི་འདྲ་བ་ཡོད་ལ། སྐབས་རེ་རང་རློམ་གྱི་ཐོག་ནས་ཀྱང་འཐུས་ཤོར་དུ་འགྲོ་ངེས་རེད། དཔེར་ན་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཤར་ཕྱོགས་ནས་ནད་ཡམས་དེ་ཁྱབ་བརྡལ་དུ་སོང་བར་ཧང་སང་དགོས་དོན་མེད་པར། ནུབ་ཕྱོགས་སུ་འཕྲོད་བསྟེན་དང་། ཁོར་ཡུག མཐུན་རྐྱེན་སོགས་ཤར་ཕྱོགས་པ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད་པས་གདོང་ལེན་བྱ་རྒྱུ་སྟབས་བདེ་པོ་རེད་སྙམ་ནས་ལྷོད་གཡེང་བཏང་བའང་བྱུང་ཡོད། དཔེར་ན་ཨི་ཊ་ལིར་ནད་ཡམས་ཁྱབ་བཞིན་ཡོད་ཀྱང་། ཧྥ་རན་སིས་ནད་ཡམས་དེ་ལ་བརྟེན་ནས་ཨི་ཊ་ལི་དང་ང་ཚོའི་ས་མཚམས་བར་བཀག་སྡོམ་བྱེད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་པ་ལྟ་བུས་ཀྱང་མང་པོ་ཞིག་ཚོད་དཔག་བྱེད་ཐུབ།
ད་ལྟའི་ཆར་ནུབ་ཕྱོགས་སུ་ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་དང་། ནད་ཡམས་དེ་ལ་བརྟེན་ནས་མིའི་ཚེ་སྲོག་མང་པོ་འཆོར་བཞིན་པ་མ་ཟད། དཔལ་འབྱོར་གྱི་ཐོག་ནས་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད། ནད་ཡམས་ཐོག་མ་འབྱུང་ཡུལ་རྒྱ་ནག་ནས་ཅུང་ཙམ་ཚོད་འཛིན་ཐུབ་ཡོད་ཚུལ་དང་། མི་ཤི་བའི་གྲངས་འབོར་ཡང་ཨི་ཊ་ལི་དང་བསྡུར་ན་ཉུང་བའི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་མི་ཤི་བའི་གྲངས་འབོར་རྒྱ་དམར་གཞུང་གིས་སྦ་གསང་བྱས་ཡོད་ངེས་ཡིན་ལ། ད་བར་འདས་གྲོངས་སོང་བའི་མིང་གཞུང་རེའུ་མིག་ལྟ་བུ་ཞིག་ཡོད་པའི་དབང་དུ་བཏང་ན། གསང་བ་བྱེད་སྟབས་བདེ་པོ་མེད་ཀྱང་། མིང་གཞུང་གང་ཡང་མེད་པར་གྲངས་འབོར་ཙམ་ཡིན་ན་དེ་ལ་ཚད་འཛིན་བྱེད་མི་འོས་པ་དུས་རྒྱུན་རྒྱ་ནག་གི་བྱེད་སྟངས་ཐོག་ནས་ཤེས་ཐུབ། རྒྱ་ནག་ཏུ་ནད་ཡམས་དེའི་རྐྱེན་པས་མི་ཅི་ཙམ་ཤི་ཡོད་པའི་གྲངས་འབོར་སྐོར་ལ་གནས་ཚུལ་འདྲ་མིན་སྣ་ཚོགས་ཤོད་མཁན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱིས་བརྗོད་བཞིན་པ་དེ་ལ་ཡིད་རྟོན་འོས་པ་ཞིག་གཏན་ནས་མ་རེད་སྙམ།
སྤྱི་ཡོངས་ནས་གནད་དོན་དེ་རིགས་ཁ་ཚ་དགོས་གཏུག་གིས་གླེང་དགོས་པ་ཞིག་མིན་ནའང་། གཙོ་བོ་ཕྱི་ཟླ་༤ པ་ནས་ལྷ་ས་སོགས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡུལ་སྐོར་སྤྲོ་འཆམ་པ་སྣེ་ལེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པས། ད་ལྟའི་ཆར་བོད་ལྗོངས་ཟེར་བ་དང་། བོད་ཀྱི་ས་གནས་གཞན་དག་ཏུ་ནད་ཡམས་དེ་འགོས་ཡོད་པའི་ནད་པ་མེད་པའི་སྐད་ཆ་ཡོད་ནའང་།ཡུལ་སྐོར་སྤྲོ་འཆམ་པ་སྣེ་ལེན་བྱས་པ་བརྒྱུད་བོད་ཀྱི་ས་ཁུལ་ཁག་ཏུ་ནད་ཡམས་དེ་བསྐྱར་དུ་དར་ཁྱབ་འགྲོ་ཉེན་ཆེན་པོ་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་འབོར་མང་ཤོས་རྒྱ་གར་གྱི་ས་གནས་བཞུགས་སྒར་དྷ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་ཉེ་འགྲམ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་ནད་ཡམས་དེ་ཕོག་པའི་ནད་པ་ཡོད་ཅིང་། ཕྱི་རྒྱལ་ཡུལ་ཁག་ལ་མཚོན་ན་ཧྥ་རན་སི་དང་། སུད་སི། སྦེལ་རྗམ། འཇར་མི་ནི། ཨི་ཊ་ལི། སི་པེན་སོགས་དང་། ཨ་རི་དང་། ཨོ་སི་ཁྲུ་ལི་ཡ་སོགས་བོད་པ་ཡོད་སའི་ས་ཁུལ་མང་པོར་ནད་ཡམས་དེ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད།
གོང་གསལ་རྒྱ་གར་གྱི་ས་གནས་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནི་བོད་པ་གནས་སྡོད་མང་ཤོས་ཀྱི་ཡུལ་གྲུ་འབའ་ཞིག་ཡིན་པས། གཟབ་གཟབ་བྱེད་མ་ཐུབ་ན་ནད་ཡམས་འདིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་གནོད་སྐྱོན་ཆེན་པོ་བཟོ་ངེས་རེད། ཁ་ཤས་ཀྱིས་ནད་ཡམས་འདི་ཆམ་ནད་སྤྱིར་བཏང་བ་ལྟ་བུ་ལས་དམིགས་བསལ་བ་ཞིག་ཏུ་མི་བརྩི་མཁན་འདུག་མོད། ད་ལྟའི་ཆར་ནད་ཡམས་ཁྱབ་སྟངས་ཀྱི་ཐོག་ནས་བཤད་ན་རྩྭ་སྐམ་པོ་ལ་མེ་མཆེད་པ་ལྟར་ཁྱབ་བཞིན་ཡོད་སྟབས། བཙན་བྱོལ་བོད་མི་ལྟ་བུ་མི་འབོར་ཉུང་ཉུང་ལ་མཚོན་ན་གནོད་སྐྱོན་ཧ་ཅང་ཆེན་པོར་འགྱུར་ངེས་རེད། གཞུང་སྒེར་གཉིས་ཐད་ནས་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། སྔོན་འགོག་གི་ཐབས་ལམ་དང་། ཟུར་སྡོད་སོགས་ཐབས་ཤེས་གང་ཡོད་བྱེད་མ་ཐུབ་ན། འཕྲོད་བསྟེན་དང་མཐུན་རྐྱེན་རྩེ་གྲས་ཡིན་པའི་རྒྱལ་ཁབ་ཁག་ནས་ཀྱང་འབ་སུ་མི་འདུ་བའི་གནས་སྟངས་འདི་ལྟ་བུ་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་གླགས་འཁེལ་བ་ཞིག་གཏན་ནས་མིན་པས། ལྷོད་ཡངས་དང་སྣང་ཆུང་དུ་གཏོང་མི་རུང་བའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
མདོར་ན་ད་ལམ་རྒྱལ་སྤྱིའི་ཐོག་ཁྱབ་བཞིན་པའི་ཏོག་དབྱིབས་ནད་དུག་དང་ཤུགས་རྐྱེན། བྱེད་ལས་སོགས་གང་ཐད་ནས་རྒྱ་དམར་གཞུང་གི་སྲིད་བྱུས་དང་འཆར་གཞི་ཁག་ཀྱང་དེ་དང་འདྲ་པོ་ཡིན་པས། རྒྱ་གཞུང་དང་འབྲེལ་བ་བྱེད་སྐབས་སྣང་ཆུང་གཏན་ནས་བྱེད་མི་རུང་ཞིང་། མ་འོངས་པར་ཆབ་སྲིད་དང་། དམག་དཔུང་། དཔལ་འབྱོར། ཁོར་ཡུག་སོགས་གང་ཐད་ནས་རྒྱ་ནག་ནི་ད་ལྟ་ཁྱབ་བཞིན་པའི་རྒྱ་ནག་གི་ནད་དུག་ཏོག་དབྱིབས་སུ་འབོད་པ་དང་གཅིག་མཚུངས་བཞིན་གནོན་སྐྱོན་དང་ཉེན་ཁ་ཆེ་ཤོས་སུ་གྱུར་ཡོད། ད་ལན་རྒྱ་དམར་གཞུང་གིས་ནད་དུག་དེའི་སྐོར་ཐོག་མ་ནས་སྦ་གསང་མ་བྱས་པར། ནད་ཡམས་དེ་འདྲ་ཞིག་ཡོད་ཚུལ་བརྗོད་མཁན་གྱི་སྨན་པ་སོགས་བཙོན་འཇུག་མ་བྱས་པར་ཉན་འཇོག་བྱས་ཡོད་ན། རྒྱ་ནག་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ངན་པ་འདི་འདྲ་ཞིག་སླེབས་མེད་ངེས་ཡིན་ཡང་། སྦ་གསང་དང་དམ་དྲག་བྱས་ནས་ནད་ཡམས་ཤུགས་ཆེ་ཁྱབ་པ་བཞིན། མ་འོངས་པར་རྒྱ་ནག་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་འདི་ལྟ་བུ་འབྱུང་ངེས་པའི་དྲན་གསོ་ཞིག་ཏུ་གྱུར་ཡོད།།