པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཞིག་གི་ཆེད་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་ལ་འགྱུར་བ་བཏང་།

ཉེ་ཆར་གཟའ་ཕུར་བུའི་ཉིན་པ་ཀི་སི་ཐན་གྱི་གྲོས་ཚོགས་ནང་ཁྲིམས་འཆར་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དང། ཁྲིམས་འཆར་དེ་ནི་ལས་བྱེད་དང་འགོ་ཁྲིད་སུ་འདྲ་ཞིག་གིས་གཞུང་དངུལ་ལྐོག་ཟ་བྱས་ཡོད་ན། ཁྲིམས་ཐོག་ནས་ཚེ་གང་གཞུང་གི་ལས་གནས་ནས་ཕྱིར་འབུད་དང། བཙོན་འཇུག་ཁྲིམས་ཆད་ཕོག་གི་ཡོད་པ་རེད་འདུག ད་ཆར་ཁྲིམས་དེ་འགྱུར་བ་བཏང་ནས་ལོ་ལྔ་མ་གཏོགས་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་མེད་པ་བཟོས་ཡོད་འདུག
ཕྱི་ཟླ་༦ ཚེས་༢༧ ཉིན་པ་ཀི་སི་ཐན་གྱི་གྲོས་ཚོགས་ནང་ཁྲིམས་འཆར་ཞིག་འགྱུར་བ་བཏང་ནས་དེ་སྔོན་ཕྱི་ལོ་༢༠༡༧ ལོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་ཆད་ཕོག་པའི་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ན་ཝ་ཤེ་རེ་ཕྱིར་པ་ཀི་སི་ཐན་ནང་ལོག་ཐབས་བྱས་ཡོད་འདུག ན་ཝ་ཤེ་རེ་ནི་པ་ཀི་སི་ཐན་ནང་གི་འབྱོར་ལྡན་པ་ཞིག་ཡིན་པ་དང། ཁོང་ཕྱི་ལོ་༡༩༩༠ ལོར་ཁ་ཆེའི་དམངས་གཙོ་ཚོགས་པའམ་( Isamic Democratic Alliance) བརྒྱུད་ནས་པ་ཀི་སི་ཐན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས་པ་ཀི་སི་ཐན་གྱི་སྲིད་བློན་༡༢ པ་ཆགས། ཕྱི་ལོ་༡༩༩༣ ལོར་རྩོད་རྙོག་བྱུང་ནས་སྲིད་བློན་ནས་དགོངས་པ་ཞུ་དགོས་བྱུང་། ཕྱི་༡༩༩༧ ལོར་བསྐྱར་དུ་ཐེངས་གཉིས་པ་སྲིད་བློན་གྱི་གོ་གནས་བཟུང་། དེ་ནས་ཕྱི་ལོ་༡༩༩༩ ལོར་ཡང་བསྐྱར་དམག་མིས་ཁོང་གནས་དབྱུང་བཏང་། ཕྱི་ལོར་༢༠༡༣ ལོར་བསྐྱར་དུ་ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། ཁོང་སྲིད་བློན་ཐེངས་གསུམ་པ་དེ་ཆགས། མཐར་ཕྱི་ལོ་༢༠༡༧ ལོར་གཞུང་དངུལ་ལྐོག་ཟ་བྱས་པའི་ཉེས་མིང་འོག་མི་ལོ་བཅུའི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་ཀྱང་། ཕྱི་ལོ་༢༠༡༩ ལོར་ཁོང་གི་གཟུགས་གཞི་བདེ་ཐང་མེད་པའི་རྐྱེན་གྱིས་ལོ་བདུན་ལས་བཙོན་འཇུག་བྱས་མེད་པ་དང་། དེ་རྗེས་དབྱིན་ཡུལ་ལ་སྨན་བཅོས་ཆེད་གློད་བཀྲོལ་བཏང་ཡོད་འདུག ད་བར་ཁོང་དབྱིན་ཡུལ་ལ་བསྡད་ནས་ཕྱིར་པ་ཀི་སི་ཐན་ལ་ལོག་ཐུབ་མེད་པར་བརྟེན། ཁོང་ཕྱིར་པ་ཀི་སི་ཐན་ལ་ལོག་ཐབས་ཆེད་དེ་རིང་གི་ཁྲིམས་འཆར་དེ་འགྱུར་བ་བཏང་ཡོད་ཚུལ་སྲིད་དོན་དཔྱད་བརྗོད་པ་Hasan Askair ཟེར་བ་ཞིག་གིས་AFPགསར་ཁང་ལ་བརྗོད་ཡོད་འདུག
ཁྲིམས་འཆར་དེ་པ་ཀི་སི་ཐན་གྱི་ལས་བྱེད་དང་འགོ་ཁྲིད་སུ་འདྲ་ཞིག་གིས་གཞུང་དངུལ་ལྐོག་ཟ་བྱས་ཡོད་ཚེ་ཁྲིམས་ཐོག་ནས་རང་གི་ལས་གནས་ནས་ཕྱིར་འབུད་དང། ཚེ་གང་གཞུང་གི་ལས་གནས་ནང་འཛུལ་མི་ཆོག་པ་དང་ལོ་བཅུ་བཙོན་འཇུག་བྱེད་རྒྱུ་ཡིན་ཡང་། ད་ཆར་ཁྲིམས་འཆར་དེ་ལ་འགྱུར་བ་བཏང་ནས་ལོ་ལྔ་ལས་བཙོན་འཇུག་མི་བྱེད་རྒྱུ་པ་ཀི་སི་ཐན་གྱི་གྲོས་ཚོགས་ནས་གཏན་འབེབས་བྱུང་ཡོད་འདུག ད་ལྟའི་གཞུང་འཛིན་ཚོགས་པ་(Philip Morris Pakisten) ཡིས་མ་འོངས་པའི་པ་ཀི་སི་ཐན་གྱི་འོས་བསྡུའི་ཁྲོད་ན་ཝ་ཤེ་རེ་འོས་མི་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས་ཁྲིམས་འཆར་དེ་འགྱུར་བ་གཏོང་ཐབས་འབད་བརྩོན་ཆེན་པོ་བྱས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།