ཕྱི་སོག་གི་སྲིད་བློན་གྱིས་ལྐོག་ཟ་རུལ་སུངས་བྱས་རྐྱེན་མི་མང་གིས་ངོ་རྒོལ་དང་དགོངས་པ་ཞུ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་འདུག

བདུན་ཕྲག་འདིའི་ནང་སོག་པོ་ཕྱི་སོག་གི་མི་མང་གིས་ལས་ཐོག་སྲིད་བློན་ལ་ངོ་རྒོལ་རྒྱ་ཆེར་བྱེད་བཞིན་ཡོད་འདུག་ལ། དེའི་རྒྱུ་མཚན་ནི་ཕྱི་སོག་ནང་གཏེར་ཁ་སྔོག་འདོན་ལ་བརྟེན་ནས། གཞུང་གི་མཐོ་རིམ་མི་སྣ་ཚོས་ལྐོག་ཟ་རུལ་སུངས་རྒྱ་ཆེར་བྱེད་བཞིན་ཡོད་འདུག
ཕྱི་ཚེས་༢༣ ཉིན་(Taipel Time)ཐའེ་པེ་དུས་བབ་ཀྱི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སོག་པོ་ཕྱི་སོག་ནང་ད་ལྟའི་ལས་ཐོག་སྲིད་བློན་(Luvsannamsrain Oyun-Erdene)ཟེར་བ་ཁོང་ཕྱི་ལོ་༢༠༢༡ ལོར་སྲིད་བློན་ཆགས་ཡོད་འདུག་ཅིང་། ཁོང་དང་གཞན་གཞུང་གི་མཐོ་རིམ་མི་སྣ་ཚོས་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཁྲོད་ནས་ལྐོག་ཟ་རུལ་སུངས་རྒྱ་ཆེར་བྱེད་བཞིན་ཡོད་པ་མི་མང་གིས་ཤེས་རྟོགས་བྱུང་ནས་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་བྱེད་བཞིན་ཡོད་འདུག དམིགས་བསལ་ཕྱི་སོག་ནང་རྡོ་སོལ་གཏེར་ཁ་སྔོགས་འདོན་རྒྱ་ཆེར་བྱེད་བཞིན་ཡོད་འདུག་པ་དང་། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་ཕྱི་སོག་གཞུང་དེ་རྒྱལ་སྤྱིའི་ནང་། ལྐོག་ཟ་རུལ་སུངས་ཉུང་བ་ཡོད་པའི་རྒྱལ་ཁབ་ཁག་གི་མིང་ཐོའི་ནང་ཡོད་འདུག་ཀྱང་། ད་ཆར་ཕྱི་སོག་ནང་ལྐོག་ཟ་རུལ་སུངས་ཀྱིས་རྐྱེན་པས་མིང་ཐོ་དེ་ནས་ཕྱི་སོག་གཞུང་མར་ཟག་ཡོད་འདུག་ལ། མཐོ་རིམ་མི་དྲག་ཁྲོད་ལྐོག་ཟ་རུལ་སུངས་ཀྱིས་རྐྱེན་པས་མི་མང་གིས་ཡང་ཡང་ངོ་རྒོལ་བྱེད་དགོས་འབྱུང་བཞིན་ཡོད་འདུག
ད་ལྟའི་ལས་ཐོག་སྲིད་བློན་གྱི་ནང་མི་ཚོས་མི་མང་དཀྱུས་མ་ལས་ལྡབ་མང་པོས་དཔལ་འབྱོར་གྱི་རྒྱས་སྤྲོས་དང་། གཞུང་ཞབས་མི་སྣ་ཚོས་བློ་ཡུལ་ལས་མེད་པའི་བག་མེད་ལོངས་སྤྱོད་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་སྤྱི་ཚོགས་དྲྭ་ལམ་ཐོག་རྩོད་རྙོག་ཆེན་པོ་ཆགས་ནས་གཞི་རྒྱ་ཆེ་བའི་མི་མང་གིས་ངོ་རྒོལ་བྱས་ཡོད་འདུག གཙོ་བོ་ཉེ་ཆར་སྲིད་བློན་གྱི་བུ་ཡིས་ཁོང་རང་ཉིད་ཀྱི་སྐྱེས་སྐར་ཉིན་རང་ལ་ལག་རྟགས་ག་ཚོད་འབྱོར་ཡོད་མེད་ཀྱི་བརྙན་ཞིག་དྲྭ་ཐོག་ཏུ་བཞག་རྗེས་མི་མང་ཚོ་ཁོང་ཁྲོ་ཆེན་པོ་ལངས་ཡོད་འདུག འོན་ཀྱང་། སྲིད་བློན་ལས་ཁུངས་ནས་མི་མང་གི་སྐྱོན་བརྗོད་དེ་དག་ནི་ཁུངས་མེད་ཡིན་ཚུལ་དང་བདེན་པ་མིན་ཚུལ་བརྗོད་ཡོད་འདུག གང་ལྟར་འདས་པའི་ཉིན་གྲངས་༨ རིང་མཚམས་མ་ཆད་པར་ཕྱི་སོག་གི་ན་གཞོན་སྟོང་ཕྲག་མང་པོ་(Genghis Khan )ཇིང་གི་སི་ཁན་ཟེར་བའི་སོག་པོའི་རྒྱལ་སར་ཡོད་པའི་ཐང་ཆེན་ཞིག་གི་ཐོག་ཏུ་འཛོམས་ནས་ངོ་རྒོལ་གཞི་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག ཁོང་ཚོས་དགོས་འདུན་གཙོ་བོ་ནི་ལས་ཐོག་སྲིད་བློན་དེ་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། གཞུང་གི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་བྱེད་བཞིན་པའི་སྲོལ་ངན་དེ་གཙང་བཟོ་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག ཨུ་རུ་སུ་ཡིས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་རྗེས་ཕྱི་སོག་གི་དཔལ་འབྱོར་ལ་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག་ཅིང་། དངོས་ཟོག་གི་རིན་གོང་བརྒྱ་ཆ་༩ འཕར་ནས་མི་མང་ཁྲོད་འཚོ་གནས་ལ་ཧ་ཅང་དཀའ་ངལ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།