བཀག་ཤག་སྐབས་༡༦ པའི་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པ་དབུ་འབྱེད་གནང་སོང་།

ཟླ་འདིའི་ཚེས་༡༠ ཉིན་བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་དཔེ་དེབ་ཅིག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་དབུ་འབྱེད་གནང་སོང་།

ཐེངས་འདིའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་ཨ་རིའི་རོགས་ཚོགས་ (USAID) ཀྱི་རྒྱ་གར་མངའ་ཁུལ་གྱི་ངེས་སྟོན་པ་ལྕམ་སྐུ་ཝི་ན་རེ་ཊི་ (Veena Reddy) ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་གཙོས་པའི་སྲི་ཞུའི་ལས་བྱེད་རྣམ་པ་ཕེབས་འདུག

ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་དཔེ་དེབ་དབུ་འབྱེད་སྐབས་དཔལ་ལྡན་སྲིད་སྐྱོང་གིས་དེ་སྔོན་འོས་བསྡུའི་སྐབས་དམ་བཅས་པ་བཞིན་འདས་པའི་ལོ་ངོ་གཉིས་རིང་འཆར་གཞི་འཆར་འགོད་ཀྱིས་བོད་ཀྱི་མ་འོངས་འགན་སྲུང་ཆེད་ཕུགས་དམིགས་ཡིག་ཆ་ཞིག་བཟོ་ཐུབ་པ་བྱུང་ཡོད་པ་དང་། ཡིག་ཆ་དེ་ཉིད་རྩ་འཛིན་ལམ་སྟོན་དུ་བཟུང་ནས་སྲི་ཞུའི་ལས་བྱེད་ཡིན་ནོ་ཅོག་ནས་ལྟ་ཀློག་བྱེད་དགོས་ཞེས་གསུངས་སོང་།

བཀའ་ཤག་སྐབས་བཅུ་དྲུག་པའི་ཕུགས་དམིགས་ཡིག་ཆ་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་དེབ་ཀྱི་ལེའུ་དང་པོ། བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ནང་། འབྲེལ་མོལ་ལ་སྒུལ་ཤུགས་དང་གོ་སྐབས་གསར་བསྐྲུན་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཨང་དང་པོ་དེ་ཡིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པཔོ་མཆོག་གི་དགོངས་གཞི་ལམ་སྟོན་འོག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་ཚོགས་ཀྱི་བསམ་ཚུལ་གཞི་ལ་བཞག་སྟེ་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་གཞིར་བཟུང་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་བྱེད་བཞིན་པ་ཡིན་སྟབས། དེའི་ཐོག་འབད་པ་ཇི་བསྟེན་ཡོངས་སུ་རྫོགས་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་དང་། ཁོང་གི་ལམ་སྟོན་ལྟར་བྱེད་དགོས་ཞེས་དང་།

དེ་བཞིན་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལས་དོན་ཚོགས་ཆུང་བཅོས་སྒྲིག་དང་རྒྱ་ནག་དང་འབྲེལ་མོལ་སླར་གསོ་ཡོང་ཐབས། བོད་ཀྱི་ལོ་རྒྱུས་ཀྱི་གོ་གནས་ལ་ངོས་འཛིན་གྱི་ཐོག་ནས་དབུ་མའི་ལམ་ལ་གདེང་འཇོག་ཐོབ་ཐབས་ཀྱི་གནས་ཚུལ་ཁག་གཅིག་བཀོད་འདུག

དེ་བཞིན་དེབ་ཀྱི་ལེའུ་གཉིས་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ཞེས་པ་དེ་ཡིན་ཞིང་། ལེའུ་དེའི་ནང་དུ་སྤྱི་ཚོགས་གོང་བུ་ཆིག་སྒྲིལ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་དང་གོང་སྤེལ། སྤྱི་ཚོགས་གོང་བུར་ཆུད་པ་དང་རྒྱུན་གནས་ཐུབ་་པའི་དཔལ་འབྱོར་གོ་སྐབས་གསར་སྐྲུན་བཅས་ཀྱི་གནས་དོན་ཁག་གཅིག་བཀོད་འདུག དེབ་ཀྱི་ལེའུ་གསུམ་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་སྤེལ་ཞེས་པ་དེ་ཡིན་ཞིང་། ལེའུ་དེའི་ནང་དུ་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྒྲིག་གཞི་ཁག་ལ་དགོས་ངེས་ཀྱི་ལེགས་བཅོས། ལས་བྱེད་པའི་ནུས་རྩལ་མཐོར་འདེགས་སོགས་ཀྱི་གནས་དོན་ཁག་གཅིག་བཀོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།