བགྲོ་གླེང་ཉིན་གཅིག་མ་ཟིན་ཙམ་བྱས་རྗེས་དུས་རྒྱུན་སློབ་གྲྭའི་ཕྲུ་གུའི་སྐད་ཆ་ནང་བཞིན་བཤད་ཡིན་ཟེར།  

ཟླ་འདིའི་ཚེས་༡༩ རེས་གཟའ་མིག་དམར་ཉིན་ནས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་དང་གཉིས་པའི་བོད་ནང་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་གཉིས་ལས་རིམ་རྣམ་གཞག་འདོན་རེས་བྱེད་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་”རྒྱ་མིའི་སོ་པ་ཁྲིད་ནས་ཡར་ཀ་རྡོར་སྒང་གསུམ་ལ་འགྲོ་མཁན་དེ་སུ་རེད། ཁྱེད་མེད་ན་སུ་རེད། ད་དེ་ངས་ལབ་བཞག་དགོས། འོ་ཡ་ཁོ་རེ་” སོགས་བཤད་པ་དང་། སྐབས་དེར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་གནས་ཚུལ་རྩ་བ་ཉིད་ནས་མེད་པ་ཞིག་ལ་དེ་འདྲ་བཤད་པ་ནི་ཚབས་ཆེན་གྱི་སྐད་ཆ་ཡིན་པས། སུ་ཁྲིད་ཡོད་མེད་དང་གང་དུ་ཁྲིད་ཡོད་མེད། ག་དུས་ཁྲིད་ཡོད་མེད་ཁུངས་ཆ་ཚང་མ་བསྐྱལ་ན་རྩ་བ་ནས་འགྲིགས་ཀྱི་མེད་པའི་སྐོར་བརྗོད་ཡོད།

གནས་ཚུལ་དེ་དང་འབྲེལ་ཟླ་འདིའི་ཚེས་༢༡ ཉིན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་༦ པ་དང་ལས་ཉིན༣ པའི་ཚོགས་ཐུན་༡ པའི་ཐོག་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཚར་བའི་རྗེས། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་གནས་ཚུལ་དེ་འབྲེལ་གྱི་གསལ་བཤད་ཅིག་གནང་ཞིང་། སྐབས་དེར་ཁོང་གིས་”ང་ཚོ་ལ་གསུང་མཁན་དེ་དག་གིས་ཕར་ནས་ཡོང་འདུག ཐུག་རེད་ཟེར་ཡ་གཅིག་རེད། དེ་ཐུག་མེད་པའི་དཔང་རྟགས་ཤིག་བཏོན་གནང་གི་ཡོད་རེད། རྒྱ་མིའི་སོ་པ་ཡིན་པ་ཞིག་ལ་ཁྱེད་ཚོས་དོགས་པ་བྱེད་ཀྱི་ཡོད་དམ་ཞེས་ང་ཚོས་ཕར་བཀའ་འདྲི་གསལ་བོ་ཞུས་པ་ཡིན་ཙང་། དེ་ལ་ཐུག་ཡོད་མེད་ཀྱི་སྐད་ཆ་དེའི་སྒང་ལ་ཁོང་ཚོས་བཞག་གི་འདུག དེ་ཞུ་རྒྱུ་ཡིན། “ ཞེས་གསལ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༡༡་གི་བར་གསེང་ཚར་རྗེས་ལས་རིམ་གཉིས་པ་མུ་མཐུད་འགྲོ་རྒྱུར་སྤྱི་འཐུས་ཚོགས་གཙོས་གསལ་བཤད་གནང་རྗེས། ནང་སྲིད་བཀའ་བློན་གྱིས་ནང་སྲིད་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་༢༠༢༢ ནས་༢༠༢༣ ལོའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་སྐབས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོས་ལས་རིམ་རྣམ་གཞག་བཏོན་ཏེ་ནང་སྲིད་ལས་དོན་འགྲོ་ཡ་གལ་ཆེན་པོ་རེད། ཡིན་ན་ཡང་ད་རིང་གྲོས་ཚོགས་ནང་ལོགས་སུ་ཁོར་ཡུག་འདི་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་རྣམ་པ་ཚོ་ཚང་མས་མཐོང་གི་ཡོད་རེད། ངའི་ལས་རིམ་རྣམ་གཞག་འདི་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་གཉིས་ལ་ཡིན། ཁ་སང་ད་གིན་གོང་དུ་སོང་ཟིན་པའི་འབྲེལ་ཡོད་ཕྱག་སྦྲེལ་སྤྱི་འཐུས་ཁོང་ལྟ་བུ་ཡིན་ན། བདེ་སྲུང་བཀའ་བློན་གྱི་ངོས་ནས་གནས་དོན་དེ་འབྱོར་སའི་བརྒྱུད་ལམ་གཅིག་མ་ཡིན་པར་ཁ་ཤས་ཡིན་པ། དངོས་ཡོད་གནས་ཚུལ་ཡིན་པ། ཚབས་ཆེན་ལ་བརྩི་གི་ཡོད་པ། བརྩིས་པ་གཞིར་བཟུང་དོ་བདག་ལ་གྲོས་ཚོགས་མ་འཚོགས་སྔོན་དུ་བཀའ་འདྲི་གནང་དུས་རྒྱ་ནག་གི་འབྲེལ་ཡོད་དེ་འདྲ་ལ་ཐུག་མེད་གསུང་གི་འདུག་ཟེར། ད་ལྟ་འདུག་སེ་ལྟ་དུས་ཐུག་ནི་ཐུག་བཞག དུས་ཚོད་ཚེས་གྲངས་དང་བཅས་པ་ས་གནས་དང་བཅས་པ་གསུང་གི་འདུག དེ་བྱས་དུས་ངས་གང་ཟག་དེ་འབྲེལ་བ་ཡོད་རེད་ཟེར་གྱི་མེད། ཡོད་མ་རེད་ཟེར་གྱི་མེད། ང་ཚོ་ད་ལྟ་འདི་ད་རིང་འགོ་འཛུགས་ཀྱི་ཡོད་དུས་མ་འོངས་པ་ན་(system)ལྟར་མ་སོང་ན། རྒྱ་ནག་དང་འབྲེལ་བ་ཡོད་པ། དཔེར་ན་ངའི་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཡིན་ན། དོན་དག་འདི་རང་གར་གཞག་ཡ་ཡིན་པས། འདི་གཙང་མ་མ་བཟོས་བར་དུ་ལས་རིམ་གཞན་པ་ཕྱིན་པ་ཡིན་ན་མ་འོངས་པ་ན་ང་ཚོ་འགྲོ་སྟངས་འདི་ག་འདྲ་ག་འདྲ་ཆགས་ཀྱི་རེད། འདི་སུས་འགན་ཁུར་ཐུབ་ཀྱི་རེད། འདིའི་ནང་བཞུགས་པའི་ང་ཚོ་གྲོས་ཚོགས་དཀྱིལ་འཁོར་ནང་ལོགས་ཕྱག་སྦྲེལ་སྤྱི་འཐུས་ཚང་མས་དེ་འགན་ཁུར་ཐུབ་ཀྱི་རེད་པས། དེ་གཙང་མ་མ་བཟོས་བར་དུ་ག་འདྲ་བྱེད་དགོས་ཀྱི་འདུག དེ་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་ལས་རིམ་དེ་གང་གི་ངོ་བོ་ལ་གཏོང་དགོས་ཀྱི་འདུག འགན་བཞེས་དགོས་ཀྱི་འདུག་བསམ་གྱི་འདུག གནས་དོན་ཚབས་ཆུང་ཆུང་མིན་པ་ཚང་མ་ཡོངས་གྲགས་ཀྱིས་གསུང་གི་ཡོད་རེད། ངས་སླར་ཡང་བསྐྱར་ཟློས་བྱེད་ཡ་ལ་ངས་གང་ཟག་དེ་རེད་དང་མ་རེད་ཟེར་གྱི་མེད། ཡིན་ནའང་གནད་དོན་དེ་འདྲ་ཞིག་ལྷག་ཙམ་རྒྱ་མིའི་འབྲེལ་ཡོད་ཀྱི་སྤྱིར་བཏང་གསང་བ་དེ་འདྲ་རེད་མི་འདུག གསང་བའི་མི་སྣ་དེ་འདྲ། མྱུལ་མ་དེ་འདྲ་ནི་རེད་མི་འདུག རྒྱ་ནག་གཞུང་གི་ལས་བྱེད་ཁོ་རུ་ཡིན་དུས། ཀོ་ལི་ཀ་ཏའི་ལས་བྱེད་ཁོ་རུ་ཡིན་དུས། དེ་ཚོ་མཉམ་དུ་ཐུག་ཡོད་ན་ཐུག་ནས་སྐད་ཆ་ག་རེ་བྱུང་ཡོད་དམ་མེད། དེ་ཚོ་ཚང་མ་གསལ་པོ་བྱུང་མ་སོང་། དེ་འདི་འདྲ་བཞག་ན་འགྲིག་གི་ཨེ་ཡོད་ན་བསམ་ནས་ང་རང་ཚོར་བ་དེ་བསླེབས་སོང་། དེའི་སྒང་ལ་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་འགན་དེ་གནས་དོན་དེ་ཟུར་དུ་བཞག་ནས། ནང་གསེས་སྒང་ལ་འགྲོ་ཡ་འགན་ཆོག་གི་ཡོད་ན་ཟེར་ནས་ཞུ་ཡ་ཡིན། ཞེས་བརྗོད་པ་དང་། དེའི་རྗེས་སུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གྱིས་གནད་དོན་དེ་གལ་ཆེན་པོ་དང་གནད་འགག་ཆེན་པོ་རེད། གང་ཟག་མི་དེ་གཙང་མ་ཡིན་པ་གཅིག་ལ་ནག་ཉེས་འཛུགས་ཀྱི་ཡོད་རེད། ནག་ཉེས་ད་ག་ས་མ་རེད། རྒྱ་མིའི་གཞུང་ཚབ་གཅིག་ལ་ཐུག་པ་དེ་བཤད་ཀྱི་ཡོད་རེད། བདེ་སྲུང་བཀའ་བློན་གྱིས་ད་ལྟ་འགྲེལ་བཤད་སྐྱོན་གྱི་ཡོད་རེད་དེ། དོ་བདག་གིས་ཐུག་རེད་ལབ་ཀྱི་འདུག ཉིན་དེབ་གཞིར་བཟུང་ཐུག་མེད་ལབ་ཀྱི་ཡོད་རེད་དེ། བདེ་སྲུང་བཀའ་བློན་ངོས་ནས་ཐུག་ཡོད་མེད་གསལ་པོ་རྩ་བ་རང་ནས་གསུངས་མ་སོང་། བདེ་སྲུང་བཀའ་བློན་ངོས་ནས་ཐུག་ཡོད་མེད་གསལ་པོ་རྩ་བ་རང་ནས་གསུངས་མ་སོང་། བདེ་སྲུང་ངོས་ནས་ཞིབ་འཇུག་ག་རེ་གནང་ཡོད་རེད། གྲུབ་འབྲས་ག་རེ་ཐོབ་ཡོད་རེད། དེ་གསལ་པོ་བཟོ་དགོས་འདུག་སོགས་བརྗོད་སོང་། དེའི་རྗེས་སུ་སྤྱི་འཐུས་ཚོགས་གཙོས་རྣམ་པ་ཚོས་ལས་རིམ་རྣམ་གཞག་བཏོན་ཡོད་རེད། ད་གསལ་བཤད་ཐོག་ལ་བགྲོ་གླེང་ཕེབས་ཡ་གཅིག་ཡོད་རེད། དེ་འགྲིག་གི་འདུག་ན་ད་ག་རང་བགྲོ་གླེང་གི་གོ་སྐབས་ཕུལ་ཡ་ཡིན་གསུངས་ནས།

སྔ་དྲོའི་ཆུ་ཚོད་༡༡ དང་སྐར་མ་༢༢ ནས་བཟུང་སྤྱི་འཐུས་མང་པོ་ཞིག་དང་བཀའ་ཤག་བཅས་ཀྱིས་ཆ་ཤས་བླངས་པའི་ཐོག་དགོང་མོའི་ཆུ་ཚོད་༥ པ་མ་ཟིན་ཙམ་བར་དུ་དེའི་ཐོག་བགྲོ་གླེང་དང་གསལ་བཤད་གནང་ཡོད་པ་དང་། དེ་བཞིན་དེ་རིང་གི་གྲོས་ཚོགས་མ་གྲོལ་སྔོན་དུ།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་གནད་དོན་དེ་བོད་ཀྱི་རྩ་དོན་དང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ཞིག་ལ་ཐུག་ཡོད་པ་ལས་མི་སྒེར་གཅིག་ལ་ཐུག་མེད་པར་བརྟེན། བདེ་སྲུང་ལས་ཁུངས་ཀྱིས་གནད་དོན་དེ་གྲོས་ཚོགས་རྭ་བའི་ནང་གཙང་མ་བཟོ་དགོས་པའི་སྐོར་བརྗོད་པ་དང་།
སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་བརྗོད་དོན་ལ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་གནད་དོན་དེའི་ཐོག་གསལ་བཤད་རབ་དང་རིམ་པ་གནང་བའི་བརྒྱུད་རིམ་དང་། སྲིད་སྐྱོང་དང་བདེ་སྲུང་བཀའ་བློན་གྱི་གསལ་བཤད། སྤྱི་ཡོངས་ཀྱི་གྲོས་ཚོགས་འཐུས་མི་ཚོའི་སེམས་འཚབ་གཞིར་བཞག་ནས་ཆ་ཤས་ལེན་གྱི་ཡོད་པ་དང་། ཁོང་གྲྭ་བཙུན་མིན་པར་སྐྱ་བོ་མི་ནག་གཅིག་ཡིན་པར་བརྟེན། ང་རྒྱལ་དང་ཁོང་ཁྲོ་སོགས་ཀྱིས་ཁེངས་པའི་མི་ཞིག་གིས་ཡིན་དུས། དུས་རྒྱུན་སློབ་གྲྭའི་ཕྲུ་གུའི་སྐད་ཆ་ནང་བཞིན་ཁྱོད་རྒྱ་མིའི་སོ་པ་རེད་ཅེས་སྐད་ཆ་འགའ་ཤས་བཤད་པ་རེད་ཅེས་དང་།
ཁོང་གིས་བཤད་པའི་སྐད་ཆ་དེ་ཟླ་བ་གཅིག་ཙམ་སྔོན་དུ་གོ་བ་དང་།  དེ་རིང་དེ་སྐད་ཆ་དེ་བཤད་རྗེས། རླུང་རྟ་ཆགས་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་སྐད་ཆ་དེ་ཁྱོད་རང་གཅིག་པུ་རེད་མི་འདུག ད་དུང་བདེ་སྲུང་གིས་ཀྱང་ཁོང་བསྐོངས་སོང་ལབ་པར་བརྟེན་ནས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་གནས་ཚུལ་སྤྲོད་མཁན་དེ་ཁུངས་ལྡན་གཅིག་འདུག་བསམ་ནས་སྤོབས་པ་དང་། གདེང་ཚོད་ཞིག་སླེབས་ནས་བརྗོད་ཚུལ་དང་།  ཚང་མ་གཅིག་གིས་གཅིག་ལ་བསམ་ཤེས་བྱེད་དགོས་པར་བརྟེན། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལ་དེ་འདྲའི་ནག་ཉེས་དེ་མ་ཕོག་པའི་རེ་བ་དང་། ཁོང་གིས་གསལ་བཤད་བྱས་པ་དེ་ནང་བཞིན་གཙང་མ་དང་བདེན་པ་ཡིན་པའི་སྨོན་འདུན་དང་རེ་བ་ཞུ་ཡི་ཡོད་ཅེས་བརྗོད་སོང་།  གཞན་ཡང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དེ་འདྲ་ཞིག་རླུང་ལངས་ནས་ལབ་དགོས་དོན་རྒྱུ་མཚན་ནི་ཀ་རྡོར་སྒང་གསུམ་དང་ས་གནས་གཞན་ལ་རྒྱ་མི་དེ་སོང་ཡོད་པ་དང་། ཁོང་ལ་རྒྱ་མི་དེ་གང་དུ་ཕྱིན་ཡོད་མེད་གནས་ཚུལ་དེ་འདྲ་ཞིག་རག་པ་རེད་ཅེས་དང་། ཀ་རྡོར་སྒང་གསུམ་དུ་སྤྱི་འཐུས་དགེ་བཤེས་དང་འབྲེལ་བ་ཆགས་ཀྱི་ཡོད་པར་བརྟེན་ཁོང་གིས་དེ་འདྲ་ལབ་པ་དང་། དེ་བཞིན་སྐུའི་འཁྲུངས་སྐར་ཉིན་སྤྱི་འཐུས་དགེ་བཤེས་ཀ་རྡོར་སྒང་གསུམ་ལ་ཕེབས་མེད་གསུངས་པ་བཞིན་ཕེབས་མེད་ཡིན་རྒྱུ་རེད།           ང་ཚོ་ང་རྒྱལ་དང་ཁེངས་པ་ཡོད་པས་དེ་འདྲ་ཞིག་བརྗོད་ཚུལ་དང་། གཞན་ཡང་སྤྱི་འཐུས་དགེ་བཤེས་ཀྱིས་གང་ལབ་པ་དེ་བདེན་པ་ཡིན་པ་ངས་ངོས་འཛིན་བྱེད་ཆོག སྤྱིར་བཏང་ནམ་རྒྱུན་སྤྱི་འཐུས་ཚོས་ཚུར་ལ་སྡུག་ཅག་ལབ་ཀྱི་ཡོད་པ་བཞིན་ཕར་ལ་སྡུག་ཅག་ལབ་ཀྱི་ཡོད་པ་དང་།  གྲོས་ཚོགས་ནས་ཐོན་ཟིན་པའི་རྗེས་སུ་ཕར་ཚུར་གཉིས་ཀ་གསལ་བཤད་བྱེད་ཀྱི་ཡོད་པར་བརྗོད་སོང་ལ། དེ་བཞིན་ཁོང་གིས་སྐད་ཆ་དེ་འདྲ་ཞིག་རྐྱེན་ངན་འཕྲད་ནས་བྱུང་བ་དང་། སྤྱི་འཐུས་དགེ་བཤེས་ཀྱི་གསལ་བཤད་གཞིར་བཟུང་གཙང་མ་ཡིན་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། དེ་ལས་གནས་ཚུལ་གང་ཡང་བཤད་རྒྱུ་མེད་པར་བརྗོད་སོང་།  

སླར་ཡང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་ན་ཡང་། གནད་དོན་དེ་རྩ་དོན་ལ་ཐུག་ཡོད་པ་དང་། ཆེན་པོ་བཟོ་ཡི་ཡོད་ཙང་། བདེ་སྲུང་ལས་ཁུངས་ཀྱིས་གཙང་མ་བཟོ་དགོས་པ་ལས་ཡིན་ལ་མིན་ལ་འཇོག་མི་རུང་བ་སོགས་བརྗོད་སོང་།

 མཇུག་ཏུ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་གནས་ཚུལ་མཁོ་སྒྲུབ་གནང་མཁན་གྱིས་མཐར་བསྐྱལ་དགོས་པ་དང་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ཕར་ལ་འབྲེལ་བ་བྱས་ནས་གནས་ཚུལ་དེ་གང་མགྱོགས་མགྱོགས་དང་གང་ཐུབ་ཐུབ་ཀྱིས་གཙང་མ་བཟོ་རྒྱུའི་འགན་འཁུར་རྒྱུ་ཡིན་ཞེས་གསུངས་སོང་།

 གསར་འགོད་པ་བློ་བཟང་རྒྱ་མཚོ།
གསར་འགོད་པ་བསོད་ནམས་ཕུན་ཚོགས།