བདུན་གཅིག་ནང་བོད་མི་༣༦ ལ་ཏོག་ནད་གསར་དུ་ཕོག་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་ནང་བོད་མི་གྲངས་༣༦ ལ་ཏོག་ནད་གསར་དུ་ཕོག་ཡོད་པ་ལས་སྐྱེས་པ་གྲངས་༢༦ དང་། བུད་མེད་གྲངས་༡༠། དེའི་ནང་ནས་ལོ་ན་མཐོ་ཤོས་དེ་༩༤ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢  རེད་འདུག དེ་བཞིན་མི་གྲངས་༢ འདས་གྲོངས་སུ་གྱུར་ཡོད་པ་དང་། བདུན་ཕྲག་སྔོན་མ་དང་བསྡུར་ནས་ཏོག་ནད་གསར་དུ་ཕོག་མཁན་མི་གྲངས་༡༩ ཉུང་དུ་ཕྱིན་འདུག 

ཟླ་༨ པའི་ཚེས་༢༦  ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༤ པ་དེ་སྤེལ་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་གྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་ངོ་སྤྲོད་གནང་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༡༥ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༦ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་༢༡ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་༧༩༩ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༣༥༤ བཅས་ཁྱོན་བསྡོམས་བོད་མི་གྲངས་༡༡༥༣ འགོག་དབྱེ་ཟུར་བཀག་ཐོག་བཞག་ཡོད་པ་རེད། 

ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་༤༤༣༤༦ ལ་རིན་མེད་བགོ་འགྲེམས་གནང་བ་དང་། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་༥༦ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་འདུག

དེ་བཞིན་ནད་ཡམས་ཁྱབ་གདལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༡༣ དང་བལ་ཡུལ་ནང་གི་ས་གནས་༣ བཅས་ཀྱི་བོད་མི་གྲངས་༡༣༡༥ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་༡༨ ཡན་གྲངས་༢༡༤༣༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་༢༨༣༧༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་༦༣༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་༣༠༨༧ ལ་སྔོན་འགོག་སྨན་ཁབ་ཆ་ཚང་བརྒྱབ་ཟིན།

ད་ལྟའི་ཆར་དབུས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཁག་ཅིག རྒྱ་གར་བྱང་ཤར་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པ་སྔོན་འགོག་དང་འབྲེལ་བའི་གྲ་སྒྲིག་གནང་ཕྱོགས་སོགས་ཀྱི་སྐོར་རྟོག་ཞིབ་སླད། གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་བཞིན་པ་རེད། ཕྱོགས་མཚུངས་ཤེས་རིག་དྲུང་ཆེས་སྣེ་ཁྲིད་པའི་དབུས་ཛ་དྲག་ཚོགས་ཆུང་གི་ཚོགས་མི་ཁག་གཅིག་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་ལ་རྟོག་ཞིབ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་རེད།

ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་༦༡༧༡ དང་། དྲག་སྐྱེད་བྱུང་བ་མི་གྲངས་༥༩༣༡། འདས་གྲོངས་སུ་གྱུར་བ་མི་གྲངས་༡༤༨། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༩༡ ཡོད་པ་རེད། 

ཕྱི་ལུགས་སྨན་པ་བསྟན་འཛིན་ཆོས་ལྡན་གྱིས། ད་བར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པ་མི་གྲངས་དུང་ཕྱུར་གསུམ་ལྷག་བྱུང་འདུག་པ་དང་། མི་གྲངས་༤༣༦༣༦༥ ཙམ་འདས་གྲོངས་སུ་གྱུར་འདུག རྒྱ་གར་ནང་མི་གྲངས་དུང་ཕྱུར་དྲུག་ཙམ་གྱིས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་དང། སྤྱིར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་བཞིན་ཡོད་ནའང་སོ་སོའི་ངོས་ནས་ཐུགས་ཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།