བཞུགས་སྒར་རྡ་ས་ཁུལ་དུ་དོམ་གྱིས་བུད་མེད་གཅིག་ལ་གནོད་འཚེ་བྱས་ཡོད་འདུག

རྡ་ས་མེག་གྷན་ཁུལ་དུ་དབྱར་ཁ་ལ་ཡང་མིའི་གནས་ཡུལ་འགྲམ་དུ་དོམ་སླེབས་ནས། བུད་མེད་གཅིག་ལ་དྲག་རྒོལ་གནོད་འཚེ་བྱས་ཏེ། རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད་འདུག

དེ་ཡང་ཟླ་༥ པའི་ཚེས་༢༣ ཉིན་གྱི་ཞོགས་པ་སྔ་པོར་བཞུགས་སྒར་ཁུལ་གྱི་(Jogibara road)ཁུལ་དུ། གད་སྙིགས་སྒྲུག་མཁན་རྒྱ་གར་བུད་མེད་གཅིག་ལ་དོམ་གྱིས་གནོད་འཚེ་བྱས་ནས། རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད་འདུག བུད་མེད་དེ་ཐོག་མར་བདེ་ལེགས་སྨན་ཁང་དུ་བསྐྱལ་ཡོད་འདུག་པ་དང་། རྗེས་སུ་སྨན་ཁང་གཞན་ལ་བསྐྱལ་ཡོད་པ་རེད་འདུག

དེ་ཡང་རྡ་སའི་ཤིང་ནགས་ལས་ཁུངས་ཀྱིས་བརྗོད་དོན་ལ། སྤྱིར་བཏང་དབྱར་ཁར་མིའི་གནས་ཡུལ་འགྲམ་དུ་ཧི་མ་ལ་ཡའི་དོམ་ནག་སླེབས་ནས་དྲག་རྒོལ་གནོད་འཚེ་གཏོང་བའི་གནས་ཚུལ་ནི་དཀོན་པོ་ཡིན་པ་དང་། དོམ་དེ་ཚོ་ནམ་རྒྱུན་དགུན་ཁར་རི་མཐོན་པོར་ཁ་ལག་དཀོན་པོ་ཆགས་ནས། ས་དམའ་སར་མར་གནས་སྤོས་བྱེད་ཀྱི་ཡོད་པ། འོན་ཀྱང་ད་ལྟའི་དུས་སྐབས་དེར་ཁྱིམ་སྡོད་བཀའ་རྒྱ་ཡིན་རྐྱེན། མིའི་འགྲུལ་བཞུད་ཉུང་དུ་ཕྱིན་ཡོད་པས་དོམ་ས་དམའ་སར་སླེབས་པ་ཡིན་སྐོར་དང་། ད་ལྟ་དོམ་དེ་འཚོལ་བཞིན་ཡོད་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མར་ཡང་རྒྱ་གར་གྱི་སྐྱེས་པ་ཞིག་ལ། བདེ་ལེགས་སྨན་ཁང་གི་ཉེ་འཁོར་དུ་དོམ་གྱིས་གནོད་འཚེ་བྱས་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།