བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་བཞི་པ་དེ་ཐེ་ལན་ཌིའི་ནང་འཚོགས་གནང་ཡོད་འདུག 

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐེ་ལན་ཌིའི་གཙུག་ལག་མཐོ་སློབ་Chulalongkorn Universityཟེར་བ་གཉིས་ཟུང་འབྲེལ་ཐོག་བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་བཞི་པ་དེ་གོ་སྒྲིག་བྱས་ཡོད་འདུག 

ཕྱི་ཚེས་༢༨ ཉིན་(Tibet Right Collective)ཟེར་བའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། བོད་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་བཞི་པ་དེ་ཕྱི་ཚེས་༢༧ ནས་༢༨ བར་ཉིན་གྲངས་གཉིས་རིང་འཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་ནི་ཨེ་ཤེ་ཡའི་ཆུ་མཛོད་དུ་གྱུར་པའི་བོད་ཀྱི་ཆུ་བོའི་གནས་སྟངས་ཞེས་པ་དེ་ཡིན་འདུག དེ་ཡང་གཙོ་བོ་ཨེ་ཤེ་ཡའི་གླིང་ཕྲན་ནང་བོད་ཀྱི་ཆུ་བོ་ཆེན་པོ་རྣམས་ཀྱི་གལ་གནད་དང་། དེ་བཞིན་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་གལ་ཆེན་སྐོར་ཡིན་འདུག 

སྐབས་དེའི་ཚོགས་ཆེན་དབུ་འབྱེད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཉི་ཧོང་སྐུ་ཚབ་དོན་གཅོད་ཨ་ཅརྱ་ཚེ་དབང་རྒྱལ་པོ་དང་། ཐེ་ལན་ཌིའི་གཙུག་ལག་མཐོ་སློབ་དེ་བའི་སྤྱི་ཚོགས་ཚན་རིག་གི་ཉམས་ཞིབ་སྡེ་ཚན་གྱི་ཚོགས་གཙོ་གཞོན་པ་(Dr. Sayamol Charoenratana) དེ་བཞིན་གཞན་ཨེ་ཤེ་ཡ་དང་ལྷོ་ཤར་ཨེ་ཤེ་ཡའི་ཁྱད་ལས་མཁས་པ། ཉམས་ཞིབ་པ། ཁོར་ཡུག་ལས་འགུལ་བ་སོགས་མང་པོ་ཞིག་གིས་ཨེ་ཤེ་ཡའི་ཁུལ་དུ་རྒྱུག་བཞིན་པའི་བོད་ཀྱི་ཆུ་བོ་རྣམས་ཀྱི་གཤམ་དུ་ཡོད་པའི་གློག་ཁང་འཛུགས་སྐྲུན་དང་། ཆུ་བོ་བགོ་འགྲེམ་བྱེད་ཕྱོགས་ཐད་དོ་སྣང་བྱེད་དགོས་པའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་འདུག ཚོགས་ཆེན་དེ་(COP28 in 2023) ཟེར་བའི་རྒྱལ་ཁབ་རྣམས་ཀྱི་ཚོགས་ཆེན་དེ་མ་ཚོགས་སྔོན་དུ་འཚོགས་གནང་ཡོད་འདུག་པ་དང་། ཁོར་ཡུག་ཚོགས་ཆེན་དེའི་བརྒྱུད་ནས་བོད་ཀྱི་ཁོར་ཡུག་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་གལ་གནད་ཆེན་པོ་ཡིན་པ་གོ་རྟོགས་ཆེད་དང་། བོད་ཀྱི་ཆུ་བོ་ལ་བརྟེན་ནས་བཟའ་འབྲུའི་བདེ་འཇགས། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གི་སྲིད་བྱུས། དམིགས་བསལ་གྱི་རང་བྱུང་ཐོན་ཁུངས་དང་གཏེར་ཁ་སྔོག་འདོན་སོགས་ལ་བརྟེན་ནས་ཨེ་ཤེ་ཡའི་ཆུ་བོ་ལ་གནོད་སྐྱོན་ཇི་ལྟར་གཏོང་བཞིན་ཡོད་པ་བཅས་ཀྱི་སྐོར་གོ་བསྡུར་བྱས་ཡོད་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་བདེ་ཆེན་དབང་མོས་ཐེངས་དེའི་ཚོགས་ཆེན་གྱི་དམིགས་ཡུལ་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་བོད་ཀྱི་ཁོར་ཡུག་བར་གྱི་འབྲེལ་བ། དེ་བཞིན་ད་ལྟའི་བོད་ནང་གི་ཁོར་ཡུག་གནས་སྟངས་སོགས་ཀྱི་སྐོར་གཏམ་གཤད་བྱས་ཡོད་འདུག ཚོགས་ཆེན་དངོས་གཞིའི་སྐབས་སུ་ས་གནས་སོ་སོའི་གོ་རྟོགས་དང་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཕྱོགས། མི་མང་ནས་ཆུ་བོའི་ས་མཚམས་ལས་བརྒལ་ནས་སྲུང་སྐྱོབ་བྱེད་ཕྱོགས། གོ་ལའི་ཁོར་ཡུག་གླེང་སློང་ཁྲོད་ཀྱི་བོད། 

དེ་བཞིན་ས་ཁུལ་སོ་སོ་ནས་ཆུ་བོ་སྲུང་སྐྱོབ་བྱེད་ཕྱོགས་ཐད་ལ་མཉམ་འབྲེལ་བྱེད་ཕྱོགས། ཆུ་སྲུང་སྐྱོབ་དང་སྤྱི་ཡོངས་ཀྱི་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་བྱས་ཡོད་འདུག ཁོར་ཡུག་ཚོགས་ཆེན་ཐེེངས་དང་པོ་དེ་ཕྱི་ལོ་༢༠༡༥ ནང་འཚོགས་ཡོད་འདུག་པ་དང་། དེ་བཞིན་ཕྱི་ལོ་༢༠༡༩ དང་༢༠༢༡ བཅས་འཚོགས་གནང་ཡོད་འདུག ཚོགས་ཆེན་དེའི་བརྒྱུད་ནས་བོད་ཀྱི་ཁོར་ཡུག་གལ་གནད་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ཁྲོད་བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་སྐོར་གོ་བསྡུར་བྱས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།