བོད་ཀྱི་དགེ་རྒན་ཉིན་མོ་རྒྱ་ཁྱབ་ཏུ་སྲུང་བརྩི་ཞུས་པ།
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་ཆོད་དགོངས་དོན། ལོ་རེའི་ཕྱི་ཟླ་༡༡ ཚེས་༥ ཉིན་སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་གྱི་དུས་སྟོན་དེ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་རྒྱ་ཁྱབ་སྲུང་བརྩི་ཞུ་གཏན་ཁེལ་བ་ལྟར། དེ་རིང་ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༥ ཉིན། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས་བོད་ཀྱི་དགེ་རྒན་ཉིན་མོར་གནང་བའི་གསུང་འཕྲིན་ནང་། སློབ་དཔོན་ཆེན་པོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་བོད་མིའི་མགོན་སྐྱབས་བླ་ན་མ་མཆིས་པ་༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་བར་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་དགེ་རྒན་ནི་མི་རིགས་སྤྱིའི་སྣེ་འཁྲིད་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱེད་པོ་སོགས་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་སུ་ངོས་འཛིན་གནང་གི་ཡོད་པར་བརྟེན། ཤེས་ཡོན་གྱི་ལས་སྣེའི་ཐོག་ཕྱག་ལས་གནང་མཁན་ཡོངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་རེའི་བོད་མིའི་མགྲིན་ཚབ་བློ་གསར་ན་གཞོན་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་བྱ་རིག་པའི་གནས་ལ་ཕྱུག་ཅིང་། ཡ་རབས་སྤྱོད་བཟང་ལྡན་པའི་སློབ་མ་ཚད་ལྡན་ཞིག་ཆགས་རྒྱུར་སྒོ་ཀུན་ནས་འབད་འབུངས་ཆེར་སྐྱེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སོགས་འཁོད་འདུག
གཞན་ཡང་དེ་རིང་བོད་ཀྱི་དགེ་རྒན་ཉིན་མོ་དང་བསྟུན། ཤེས་རིག་ལས་ཁུངས་ནས་གོ་སྟོན་གྱི་ལས་འཆར་ཁོངས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཞེས་ཕྱོགས་ཚད་གཉིས་ལྡན་གྱི་བྱིས་པའི་གླུ་གཞས་འགུལ་བརྙན་ཞིག་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་ཡུ་ཊུབ་དྲྭ་བརྙན་སོགས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཤར་གཏོང་ཞུས་ཡོད་འདུག
རྩ་བའི་དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་བརྩི་བཞིན་པ་མ་ཟད། དུས་དང་འཚམ་པའི་བྱིས་པའི་རྣམ་རིག་གི་སྒོ་མོ་འབྱེད་པའི་རྣམ་པ་གསར་པའི་སློབ་གསོའི་ཁ་ཕྱོགས་ཤིག་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༡༦ ལོ་ནས་བཟུང་ཕྱོགས་ཚད་གསུམ་ལྡན་དང་གཉིས་ལྡན་གྱི་བྱིས་པའི་འགུལ་བརྙན་བཟོ་སྐྲུན་གྱི་ལས་གཞི་འགོ་འཛུགས་ཞུས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
