བོད་ཀྱི་སྐྱ་བོའི་རིག་གནས་རྗེས་ལུས་རེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༤)

གྲྭ་པ་བྱེད་མ་མྱོང་བར་ཐོག་མ་ནས་མི་སྐྱ་ཡིན་པ་དང་། གྲྭ་ལོག་བྱས་ནས་མི་སྐྱ་ཆགས་པ་རེ་ཟུང་གིས་དུས་རྒྱུན་དུ་བླ་སྤྲུལ་དང་དགེ་འདུན་པའི་སྡེ་ལ་ཁ་རྡུང་གཏོང་བ་སོགས་བར་མ་ཆད་དུ་བྱེད་བཞིན་འདུག རྩ་བས་སྤྱི་ཚོགས་གང་ཡིན་ཡང་ནོར་འཁྲུལ་ཡོད་ས་ལ་སྐྱོན་འཛུགས་བྱེད་དགོས་པ་དང་། དེ་ལ་བརྟེན་ནས་ཡར་རྒྱས་སུ་འགྲོ་བར་ཡང་ཕན་ཐོགས་རྒྱ་ཆེ་ཡོད། འོན་ཀྱང་ནོར་འཁྲུལ་མེད་པ་ཞིག་ལ་འཁྱོག་བཤད་བྱས་པས་ཕན་ཐོགས་མེད་པ་ལྟ་ཅི། སྐྱོན་ཡོད་པ་ལ་སྐྱོན་བརྗོད་བྱེད་ཐུབ་པ་ཙམ་གྱིས་ཀྱང་མི་ཕན་པར་དགེ་འདུན་པའི་སྡེ་ཡིས་བོད་པའི་སྤྱི་ཚོགས་ནང་བྱེད་སྟངས་ནོར་བ་དེ་མཚམས་འཇོག་ཡོང་ཐབས་བྱེད་དགོས་ན། དེའི་ཚབ་ཏུ་མི་སྐྱའི་སྤྱི་ཚོགས་སུ་མི་སྐྱ་རང་གིས་སྣེ་ཁྲིད་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་བྱེད་ཐུབ་དགོས། གཞན་རང་ཉིད་ཀྱི་སྣང་བར་མི་འགྲོ་བའམ། ཡང་ན་སྡེ་ཚན་གཞན་ཞིག་གིས་སྣང་བར་མི་འགྲོ་བ་ཞིག་ལ་སྐྱོན་བརྗོད་བྱས་ནས་སྡེ་ཚན་དེའི་རྒྱབ་སྐྱོར་དང་ངོ་སོ་ཐོན་ཐབས་ཙམ་བྱེད་པ་ནི་ཆེས་ཐ་ཤལ་གྱི་སྐྱོན་བརྗོད་བྱེད་སྟངས་ཤིག་རེད།

ད་བར་བོད་པའི་སྤྱི་ཚོགས་སུ་རིག་གནས་དང་དཔལ་ཡོན་ག་འདྲ་ཞིག་ཡོད་ཀྱང་། དེ་དགེ་འདུན་པའི་སྡེ་ལ་བརྟེན་ནས་མ་བྱུང་བ་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། མི་སྐྱའི་སྡེ་ལ་མཚོན་ན་ཆོས་བྱེད་དགེ་འདུན་པའི་སྡེ་ལ་ཁ་རྡུང་གཏོང་ཐུབ་པ་ཙམ་མ་ཡིན་པར། རང་ཉིད་ཀྱི་བྱས་རྗེས་དང་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་ནང་ངོ་སོ་ཐོན་ཐུབ་པ་ཞིག་དགོས་ཤིང་། དེ་ལ་བརྟེན་ནས་མི་སྐྱའི་སྤྱི་ཚོགས་དང་དགེ་འདུན་པའི་སྡེ་གཉིས་ལ་ནུས་པ་ཆེ་ཆུང་གི་ཐོག་ནས་ཁྱད་པར་ཐོན་ཐུབ་པ་མ་ཟད། མི་སྐྱའི་སྤྱི་ཚོགས་ནང་རང་བཞིན་གྱིས་ཆེ་མཐོང་དང་གདེང་འཇོག་འཐོབ་ངེས་རེད། དགེ་འདུན་པའི་སྡེ་ལ་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཡོད་པ་དེ་གཅོག་ཐབས་ཙམ་བྱེད་པ་ལས། མི་སྐྱའི་སྤྱི་ཚོགས་ཀྱི་ནུས་པ་མཐོར་འདེགས་གང་ཡང་མ་ཐུབ་ན། དེ་ལྟ་བུའི་སྦྱོར་བ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ལ་གནོད་པ་ལས་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད། དགེ་འདུན་པ་ལ་ཁ་རྡུང་གཏོང་མི་ཆོག་པ་མིན་ཡང་། དོན་དུ་བོད་ལ་ནུས་པ་ཅུང་ཙམ་ཡོད་པ་དེ་ཡང་གཅོག་ཐབས་ཙམ་ལས་གྲུབ་འབྲས་གང་ཡང་འཐོན་མི་སྲིད།

འདས་པའི་བོད་ཀྱི་ལོ་རྒྱུས་སུ་མི་སྐྱས་སློབ་སྦྱོང་བྱེད་པའི་ལུགས་སྲོལ་རྒྱ་ཆེན་པོ་ཕལ་ཆེར་དར་མེད། དེ་ཡང་དགེ་འདུན་པའི་སྡེ་ཡིས་མི་སྐྱ་རྣམས་ལ་སློབ་སྦྱོང་བྱེད་མི་ཆོག་པའི་བཀག་སྡོམ་དང་གནོན་ཤུགས་སྤྲད་པ་ཞིག་གཏན་ནས་མིན། དགེ་འདུན་པས་ནང་པའི་ཆོས་དང་རིག་གནས་སློབ་སྦྱོང་ཆེད་ཀློག་འདོན་ནས་བཟུང་སློབ་སྦྱོང་མི་བྱེད་ཀ་མེད་དུ་གྱུར་ཡོད་པས། བོད་པའི་ལོ་རྒྱུས་སུ་མཁས་པ་ཞིག་ཡིན་ན་དགེ་འདུན་པའི་སྡེ་གཉིས་ལས་གང་རུང་དུ་མ་ཚུད་པ་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། ད་ལྟ་མི་སྐྱའི་སྤྱི་ཚོགས་སུ་སྐད་ཡིག་རིག་གནས་ལ་མཁས་པ་མང་པོ་ཡོད་ཀྱང་། བོད་པའི་སྤྱི་ཚོགས་ལ་བྱས་རྗེས་ཆེ་བའི་མི་སྐྱ་ཞིག་ཅུང་དཀོན་པོ་ཡིན། ད་ལྟའི་ཆར་ཡང་མི་སྐྱ་ལ་དགོས་པའི་རིག་གནས་དག་ཀྱང་ཕལ་ཆེ་བ་དགེ་འདུན་པ་མཁས་པ་དག་གིས་ཆེད་དུ་སྟོང་ཆ་སྐོང་ཐབས་བྱེད་བཞིན་པ་ལས། མི་སྐྱ་ཞིག་གི་ངོས་ནས་དཀའ་ལས་མང་པོ་བརྒྱབ། འགྲོ་སོང་ཕོན་ཆེ་བཏང་ནས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་མི་སྐྱའི་རིག་གནས་ཀྱི་སྟོང་ཆ་ཁ་སྐོང་བྱེད་མཁན་ཧ་ཅང་དཀོན།

བོད་པའི་སྤྱི་ཚོགས་སུ་གནའ་བོའི་རིག་གནས་དང་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ཐོགས་པ་མེད་ཀྱང་། ད་ལྟའི་དུས་འདིར་དར་རྒྱས་ཆེ་བའི་ཚན་རིག་ལག་རྩལ་གྱི་ཐོག་ནས་བོད་ཕྱི་ནང་གཉིས་སུ་རྗེས་ལུས་ཐེབས་ཡོད། བོད་ལ་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུ་ཡན་ལག་དང་བཅས་པ་ཡོད་ནའང་། རིག་གནས་ཆུང་བ་ལྔ་ལས་ཟློས་གར་ཙམ་གཏོགས་གཞན་ཕལ་ཆེ་བ་གྲྭ་པའི་སྤྱི་ཚོགས་དང་འབྲེལ་ཆེ་བའི་རིག་གནས་འབའ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད། ད་ལྟའི་དུས་འདིར་དཔལ་འབྱོར་རིག་པ་དང་། དམག་དོན་རིག་པ། ཚན་རིག་ལག་རྩལ་སོགས་འཚོ་བ་དངོས་ཀྱི་ནང་མེད་ཐབས་མེད་པའི་རིག་གནས་མང་པོ་ཞིག་ཡོད་པ་དེ་དག་ནང་འདྲེན་བྱ་རྒྱུ་ནི་མི་སྐྱ་ཁོ་ནའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད་པས། སྟོང་ཆ་དེ་ཁ་སྐོང་བྱ་རྒྱུ་ནི་ད་ལྟའི་དུས་ཀྱི་མི་སྐྱ་ཤེས་ཡོན་ཅན་རྣམས་དང་ལྷག་པར་དུ་རབ་འབྱམས་པ་དང་། འབུམ་རམས་པ། སློབ་དཔོན་ཆེན་མོ་སོགས་ཀྱི་མཚན་སྙན་ཡོད་པ་དག་གིས་འགན་འཁྲི་འདིར་གཡོལ་ཐབས་བྱེད་མི་རུང་།

མདོར་ན་དགོན་སྡེའི་རིག་གནས་ཐོག་ནས་བོད་པ་སྔོན་ཐོན་ཡིན་པ་ལས་རྗེས་ལུས་ཐེབས་མེད། འོན་ཀྱང་སྐྱ་བོའི་རིག་གནས་ཐོག་ནས་བོད་པ་འཛམ་གླིང་འདིར་ཆེས་རྗེས་ལུས་ཡིན་པས། མི་སྐྱ་ཚང་མ་དང་ལྷག་པར་དུ་མཁས་པ་དང་མཁས་དབང་ཡིན་ཟེར་མཁན་དག་གིས་བླ་རྫུན་དང་། སྤྲུལ་རྫུན། གྲྭ་རྫུན་ཞེས་ཚར་དུང་ཕྱུར་ཁ་ཤས་བཏོན་ཡང་དེ་ལ་ནུས་པ་གང་ཡང་མེད། བོད་ཕྱི་ནང་གཉིས་སུ་ཁ་ནས་ཤོད་མཁན་མང་ཡང་ལག་བསྟར་བྱེད་མཁན་དཀོན་པ་དང་། ལག་བསྟར་བྱེད་མཁན་དགེ་འདུན་པ་དང་མི་སྐྱ་སུ་ཡིན་ཡང་རང་ཉིད་ལ་ནུས་པ་ཡོད་ན་གཞོགས་འདེགས་དང་། ནུས་པ་མེད་ན་རྗེས་སུ་ཡི་རངས་ཙམ་བྱེད་དགོས་ངེས་རེད། རང་ཉིད་ལ་འབུར་ཐོན་བྱས་རྗེས་གང་ཡང་མེད་པར་གཞན་གྱི་རྐང་པ་ནས་མར་འཐེན་རྒྱུ་ཁོ་ནར་མཁས་པ་དང་མཁས་དབང་ཡིན་མི་དགོས་པར། བོད་རྗེས་ལུས་ཐེབས་པ་དགེ་འདུན་པ་ཁོ་ནས་ལན་པ་རེད་ཅེས་བརྗོད་ན། “རང་ངན་པ་རོགས་ཀྱིས་མནར། རྒྱུ་མེད་པ་ཕུ་ནུས་མནར་”ཞེས་པ་ལྟར་རང་ལ་འཇོན་ནུས་མེད་པ་ཁག་དཀྲི་ཡུལ་བཙལ་བ་ཙམ་རེད།